[A:༡༥༩]ཤིན་ཏུ་མཐའ་ཆོད་པ། ལུས་སྦྱོང་ཉི་ཤུ་པ་དང༌། ཕྲིན་ལས་སོ་གཉིས་སོགས་འཁྲུལ་འཁོར་གྱི་ཕྱག་ཁྲིད་བཅས། མདོར་ན་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་ཉམས་པ་བདག་ཆེན་རྡོ་རྗེ་འཆང་སོགས་མཁས་གྲུབ་གོང་མ་དེ་དག་མངོན་སུམ་དུ་བྱོན་པ་ལྟ་བུའི་སྒོ་ནས་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བའི་ཚེ། སྣང་གསུམ་གྱི་སྐབས་དེར་རི་ཀླུང་ཐམས་ཅད་ཁ་བས་དུང་མདོག་ཏུ་བཏང་བ་སོགས་ཚར་ལུགས་བླ་མ་གོང་མ་ཁ་ཤས་ཀྱི་རྣམ་ཐར་ན་བསྟན་པ་དཀར་འབྱམས་སུ་འགྲོ་བའི་ལྟས་ཡིན་གསུངས་པ་དེ་མངོན་དུ་གྱུར་པ་ལྟ་བུའི་དགེ་མཚན་དང་བཅས་པ་སྟེ། འདི་དག་ཞིབ་ཏུ་རྟོགས་པར་འདོད་ན་ཁོ་བོའི་ཐོབ་ཡིག་ལྟར་རོ། །དེ་སྐབས་གསུང་ངག་ཞུ་མིར་ངེད་རང་མཆེད་གཉིས། རྩེ་གདོང་སྤྲུལ་པའི་སྐུ་མཁྱེན་རབ་བསྟན་འཛིན་ལྷུན་གྲུབ། མཆོད་དཔོན། གསོལ་དཔོན། རྗེ་དེ་ཉིད་ཀྱི་ཞབས་ཕྱི་གསུམ། རྩེ་གདོང་སྤྲུལ་པའི་སྐུའི་ཞབས་ཕྱི་གཉིས་རྣམས་སྣང་གསུམ་སྐབས་ཡོད་ཅིང༌། དེ་དུས་དྲུང་ཡིག་ཀུན་སངས་ནས་སྣང་གསུམ་གྱི་བཀའ་ཁྲིད་ངེད་ཚོར་གནང་བ་སྟེ་གྲོལ་འཕྲལ་གསང་སྔགས་ཕོ་བྲང་དུུ་ཞུས་འདུག་པས་ཉིན་རང་པོ་དང་ནམ་ཕྱེད་ཡོལ་བར་གསུང་ཆོས་ཁོ་ནར་འགོར། དེ་ནས་མནལ་ཅུང་ཟད་རེ་མཛད་དེ་ཐོ་རེངས་སྔ་མོ་ནས་ཐུགས་དམ་ཉམས་བཞེས་རྣམས་བཀའ་དྲིན་བསྐྱངས་པས་སྐུ་ཤིན་ཏུ་ངལ་བ་དེ་སེམས་ཀྱིས་མ་བཟོད་པར་སེམས་བསྐྱེད་ཆེན་མོ་ནས་བཟུང་དྲུང་ཡིག་ཀུན་དགའ་སངས་རྒྱས་ཀྱང་ལྷན་ཅིག་ལ་ཡོད་ཅིང༌། ཐོག་མཐའ་བར་གསུམ་དུ་གསེར་དངུལ་གོས་དར་སོགས་ཟང་ཟིང་གི་འབུལ་བ་དང་དཀར་སྤྲོ་ཕྲན་བུ། གྲོལ་ཉིན་ཚོགས་ཀྱི་ཡོ་བྱད་རྒྱས་པ་བཅས་ཞུས་