[A:༡༦༢]ཕུང་པོ་ནི་སྟོང་གསུམ་གསེར་དུ་བཀང་སྟེ་གངྒཱའི་བྱེ་སྙེད་དུ་ཕུལ་ཀྱང་ཆ་ཙམ་ཡང་གཞལ་བར་དཀའ་བས་བདག་ཅག་རྣམས་ལ་བརྩེ་བས་དགོངས་ཏེ་མེ་ཏོག་ཆུང་ངུ་མཆོད་རྫས་ཀྱི་དཔེ་ལྟར་དགྱེས་པ་ཆེན་པོའི་རྣམ་རོལ་དུ་ཅིས་ཀྱང་བཞེས་སུ་གསོལ་ཞེས་ནན་ཆེན་པོས་ཕུལ་བ་ན་ཐུགས་མཛངས་བཞིན་དུ་བཞེས། དེ་ཐོག་ནས་དངུལ་སྲང་ལྔ་བཅུ་ཡོད་པའི་ཐུམ་ཞིག་ཕྱིར་སློག་བཀའ་དྲིན་བསྐྱངས་ཏེ་ངེད་རང་གི་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་རྫོགས་དུས་ཇའི་ཐེབས་སུ་སྦྱོར་འཇགས་མཛད། ཟླ་བ་དེ་ཁའི་མཇུག་སྐྱེད་ལྷས་སུ་བཞུགས་ཞག་བདུན་བཅད་རྒྱ་མཛད་སྐབས་མནལ་ལྟས་སུ། སྐྱེད་ལྷས་ཀྱི་རྒྱབ་རི་དཀར་གསལ་ཤེལ་གྱི་རི་བོ་ཁང་གསེང་ཅན་གློ་སྐར་མང་པོ་ཡོད་པ་ཞིག་ཏུ་གྱུར་པའི་ནང་དང༌། གློ་སྐར་རྣམས་ལ་ཐུགས་མཉེས་བཞིན་དུ་ཕེབ་བཞུད་མཛད་པ་ཞིག་བྱུང་ཞེས་གསུང༌། བྱས་འགྱུར་གྱི་གནས་གཟིགས་སོགས་མཛད། འདིར་ཕེབ་སྐབས་སླར་ཡང་བསྙེན་བཀུར་གྱི་ཐོག་ངེད་རང་ལ་ཨ་ཎི་དྲུང་ནས་གནང་བའི་སྐྱེར་ཕུར་སྒྲོས་གཙང༌། ནང་མཆོད་དང་ཐུན་དོང་ལྕགས་གཞི་གསེར་དངུལ་གྱི་ཚགས་མ། བ་སོའི་ཌ་མ་རུ་རྐོས་མ་སོགས་ཕྱག་ཆའི་རིགས་དང༌། དངོས་པོ་ཁ་ཤས་ཕུལ་བའི་ཕུར་པ་དེ་ལ་ཐུགས་དགོངས་ལྷག་པར་དགྱེས། གྲོང་ཆེན་དུ་ཕེབ་ཁར་ཕུར་སྒྲུབ་ཐོག་ཐོན་ཕྱག་ཕུལ་ཏེ་གྲོ་བཞིན་གྱི་ཚེས་བདུན་ལ་འདི་ནས་ཆིབས་ཁ་བསྒྱུར་རོ། །དེ་དག་གི་དོན་བསྡུ་ན། བདག་གི་སྐྱབས་གཅིག་ཐོག་མར་དབུས་སུ་མཇལ། །བར་དེར་རྣམ་དཀར་རྒྱུན་སྐྱོངས་ས་སྐྱར་ཕེབ། །མདོ་རྒྱུད་སྨིན་གྲོལ་སྲིད་ཞིའི་དཔལ་འབྱོར་སྩལ། །གནས་གསར་འཇམ་མགོན་བཀའ་དྲིན་མཚུངས་མེད་ཡིན། །ཞེས་སོ། །དེ་ནས་གྲོང་ཆེན་ཆོས་འཁོར་