[A:༡༦༣]ཡང་རྩེར་ཕེབ་སྐབས་གྲོང་ཆེན་ཤིང་མང་གྲྭ་ཕུ་དགོན་གསར་པ་རྣམས་ཀྱིས་སེར་ཕྲེང་དང༌། ཚར་ཆེན་དུས་མཆོད་ཟླ་བ་སྔོན་མར་གྲུབ་ཀྱང་ཕྱི་མའི་ཚེས་བཅུ་བཞི་བཅོ་ལྔ་ལ་འཆམས་དང་མི་མང་གནས་མཇལ་བ་སོགས་བྱུང་འདུག་ཅིང༌། ལམ་འབྲས་ཚུགས་གོང་ཞག་གསུམ་ཆབ་བདུགས་བཀའ་དྲིན་བསྐྱངས། རྗེ་དྲུང་འཇམ་དཔལ་རབ་རྒྱས་ནས་འཛུགས་སྟོན་དང་བཅས་གྲོ་བཞིན་ཟླ་བའི་དཀར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུ་བཞི། རེས་གཟའ་ལྷའི་བླ་མ། རྒྱུ་སྐར་མོན་གྲེ་འཕྲོད་སྦྱོར་ལེགས་པའི་ཉིན། འདར་གྲོང་ཆེན་ཆོས་འཁོར་ཡང་རྩེའི་བླ་བྲང་བདེ་བ་ཅན་གྱི་གཟིམས་ཆུང་བཀྲ་ཤིས་བརྩེགས་པར་ཕྱོགས་འདུས་དང༌། གཉུག་མར་གནས་པའི་ཚོགས་ལ། གསུང་ངག་རིན་པོ་ཆེའི་ཆོས་ཀྱི་འཁོར་ལོ་ཚར་དྲུག་པ་བསྐོར་བར། ཉིན་རེ་བཞིན། སྔ་ཆོས་ལ་ཡི་དམ་གྱི་ལྷ། ཞི་རྒྱས་དབང་དྲག་དང་རྗེས་འགྲེལ་ཟབ་ཅིང་དཀོན་པ་དུ་མའི་རྗེས་གནང་དང༌། རྒྱ་གཞུང་བོད་གཞུང་ཡིག་ཆའི་ལུང་འཁྲུལ་མེད་རྣམ་དག་རྣམས་བསྟན་རྒྱུན་དང་སློབ་མ་ལ་ཕན་ཆེད་ཟུང་འབྲེལ་དུ་གནང་བའི་ཕྱག་སྲོལ་བཟང་པོ་ལྟར་སྩལ། ལམ་འབྲས་སྐོར་ལ། དང་པོར་གསོལ་འདེབས་ན་བཟའ་བྲག་ཕུག་པས་མཛད་པའི་བརྒྱུད་འདེབས་ནས་བརྩམས་ཏེ། བརྒྱུད་འདེབས་སྐོར། རྣམ་ཐར་དང་པོ་བླ་མ་བརྒྱུད་པ། རྒྱ་བོད་ཀྱི་ལོ་རྒྱུས་རྗེ་བཙུན་གྲགས་པས་མཛད་པ་སོགས་ནས་བཟུང༌། བླ་མ་སོ་སོའི་རྣམ་ཐར་ཚང་མ། ཁྲིད་ཡིག་གསང་ཆེན་བསྟན་བ་རྒྱས་བྱེད་དང༌། ཉི་གཞོན་གསར་པའི་ཐིག་ཕྲེང་སྐལ་བཟང་ཨུཏྤལ་གཞོན་ནུ་ཁ་འབྱེད་སོགས་ཀྱི་སྟེང་ནས་ཁྲིད་ཤིན་ཏུ་རྒྱས་པ། སེམས་བསྐྱེད། སློབ་མ་རྗེས་འཛིན།