R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༦༥
[A:༡༦༥]སྔར་གཙུག་ལག་ཁང་དེ་ནང་ལ་གཞི་བདག་འམ་འབལ་མོ་ཟེར་བ་ཞིག་ལ་དེ་ཁུལ་གྱི་མཆོད་གསོལ་བརྟག་པར་གཙུག་ལག་ཁང་ཆུད་ཟོས་སུ་བཏང་བ་དེ་ཕྱིར་སྤོ་བར་མཛད་ཅིང༌། འདར་སྨད་ལྷ་ཁང་དུ་ས་རྡོ་སྨན་སྣ། བྱིན་རྟེན་སོགས་ཕོན་ཆེ་བ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་དང༌། ཡུམ་ཆེན་མོའི་སྐུར་ཉམས་གསོ་དགོས་པར་འདི་ནས་སྔོན་དུས་ལྷ་བཟོ་བ་ཚུལ་ཁྲིམས་ཀྱིས་བྲག་རྩ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་རྫོགས་རྟེན་བཞེངས་བྱེད་མུར་ཡོད་པ་དང་སྟབས་འགྲིགས་པས་གང་ལ་གང་འཚམས་ཀྱི་བཀོད་པ་དང༌། བློ་གསལ་དང་འཆི་མེད་གཉིས་ཀྱིས་བཟོ་མཐར་ཕྱིན་བགྱིས་པར་དགོས་ཆ་ཕལ་ཆེར་བླ་བྲང་གཉེར་ཚང་དང༌། གྲོང་ཆེན་གྲྭ་རིགས་ཁ་ཤས་ནས་ཀྱང་ཟུར་འདེབས་བཅས་སྒྲུབ་པའི་ནང་རྟེན་རྣམས་ཀྱི་གཟུངས་གཞུག་ཚང་མ་ཕྱག་བསྟར་བ་དང༌། རབ་གནས་བཅས་མཛད་དེ་སྦྱིན་བདག་ཚང་མར་དགའ་སྟོན་སྩལ། རྟེན་གཙོའི་དབུ་ཐོག་ཏུ་བླ་རེ། སྐུ་ལ་སྣམ་སྦྱར། བྱིངས་ལ་སྙན་ཤལ་སོགས་ཅི་རིགས། གཙུག་ལག་ཁང་དུ་སྐུ་ཐང་སོགས་དང་མཆོད་ཆས། ཀ་རིང་གཉིས་ལ་འཕན། མདོར་ཁྱམས་གྲུ་བཞིའི་བྱང་ལོགས་སུ་སྐུ་གཉེར་ཁང་ཆ་འགྲིག །གཙུག་ལག་ཁང་གི་རྩེར་རྒྱལ་མཚན་ཏོག་བཅས་རྣམས་བཀའ་དྲིན་བསྐྱངས། དེ་གོང་དུ་རི་བོ་ཆེ་ནས་གསོལ་འདེབས་ཀྱི་ཞུ་ཡིག་བྱུང་དོན་ལྟར་ཆིབ་བསུ་མ་ཆེན་ཉི་ཤར་ཅན་མི་རྟ་འབྱོར། ཟླ་བ་བཅུ་པའི་ནང་དུ། གྲོང་ཆེན་ནས་རྒྱས་སྡེའི་རབ་ལ་ཕེབ། རིམ་བཞིན་སྣེ་བཞི། ཞུ་ལུང༌། ཨར་པོ། ཆུ་ཚུགས་མདོ་རྣམས་སུ་ཞག་ས། དེའི་སང་ཕྱོགས་དཀར་མདོར་རི་བོ་ཆེ་པའི་ཐབ་བསུ། མི་སེར་རྣམས་ཀྱི་ཆིབས་བསུ་བ་གཏོས་ཆེན་