R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༦༦
[A:༡༦༦]འབྱོར། རིམ་བཞིན་རི་གདོང་ནས་སྒར་པ་དང༌། སྒྲུབ་སྡེའི་སེར་སྦྲེང་དང་བཅས་ཕྱགས་ཕེབ། རྒྱ་སྒོར་བདག་མོ་ནས་ཕེབ་བསུ་མཇལ་དར་དང༌། བདེ་ཡངས་སུ་མི་མང་རྣམས་ལ་ཕྱག་དབང་སྐབས། ཨོཾ་མ་ཎི་པདྨེ་ཧཱུྃ་གི་གསུང་ལྷང་ངེ་བ་དང་བཅས་སྩལ། སྒྲམ་སྐས་མགོར་ཁྲི་ཆེན་ངག་དབང་ཡོངས་གྲགས་ཀྱིས་མཇལ་དར་དང་བཅས་ཕེབ། དེའི་སང་ནས་བཟུང་ཁྲི་ཆེན་གྱིས་སྐལ་བཟང་འགྱུར་མེད་བདེ་ཆེན་གྱིས་མཛད་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་ལྔ་བསྡུས་ཀྱི་ལྗགས་ལུང༌། པད་མ་དཀར་པོས་མཛད་པའི་ཡིག་ཆ་རྣམས་ཀྱི་སྟེང་ནས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ལུང་ཁྲིད་དང༌། རྒྱལ་དབང་རྗེས་མཛད་པའི་བར་དོ་གསོལ་འདེབས། འཁྲུལ་འཁོར། ནཱ་རོ་ཆོས་དྲུག་སྐོར། ལུས་སྦྱོང་ཉི་ཤུ་པ། ལྔ་བཅུ་པ་སོགས་ཀྱི་ཕྱག་ཁྲིད་རྣམས་གསན། དེ་ནས་མ་འགྱངས་པར་ལྕགས་ཆུ་མོ་ནས་རིག་འཛིན་བློ་བཟང་སྟོབས་ལྡན་དཔལ་འབྱོར་ཕེབ་སྟེ་ཤངས་ཆོས་གྲུབ་ཐོབ་རིན་པོ་ཆེའི་ཐུགས་གཙིགས་མ་དེ་ཉིད་གསོལ་འདེབས་མཛད་པ་བཞིན། རྗེ་འདི་ཉིད་ཀྱིས་སྩོལ་བར་མཛད་པ་ནི། དེའང༌། ཡེ་ཤེས་མཁའ་འགྲོ་ནི་གུ་མས། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་སངས་རྒྱས་འགྲུབ། །ཅེས་གསུངས་པ་ལྟར། ཐོག་མར་སྨིན་བྱེད་ཀྱི་དབང་ཆོས་དྲུག་སྤྱི་བཀའ་སྒྱུ་ལུས་དབང་མོ་ཆེ་དང༌། ཆོས་དྲུག་སོ་སོའི་སྒོས་བཀའ་བདེ་མཆོག་དབང་བཞི། ལུས་སྒྲིག་གསང་སྒྲུབ་སྐོར་གསུམ་སོགས་དེ་སྐོར་གྱི་བྱིན་རླབས་ཚང་མ་དང༌། ཆོས་དྲུག་གི་ཟབ་ཁྲིད། བེའུ་