R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༦༧
[A:༡༦༧]བུམ་གྱི་ལུང་སོགས་རིམ་བཞིན་སྩལ་ཏེ། གྲོལ་ཉིན་སྐལ་བཟང་འགྱུར་མེད་བདེ་ཆེན་གྱི་གཟིམས་ཁང་ཨེ་ཝཾ་དགའ་འཁྱིལ་དུ་སུ་ཁ་སིདྡྷིའི་བྱིན་རླབས་དགའ་སྟོན་ཚོགས་འཁོར་བཅས་མཛད། དེ་སྐབས་ལྷ་ཁང་རྩེར་བཞུགས་ཡུལ་དང་གནས་རྟེན་རྣམས་གཟིགས་ཤིང༌། གྲུབ་ཐོབ་རིན་པོ་ཆེའི་གཟིམས་ཆུང་ཁྱི་ཉལ་སྒོ་མོར་མཆོད་རྒྱུན་སྦྱོར་འཇགས་གནང༌། འདི་སྐབས་གྲུབ་ཐོབ་ཆེན་པོའི་གཟིམས་ཆུང་དེར་གདུང་ཤུགས་ཆེན་པོས་གསོལ་འདེབས་སྤྱན་ཆབ་བཅས་གནང་བས་གྲུབ་ཐོབ་ཆེན་པོའི་སྐུ་ནས་འབྲས་ཙམ་གྱི་ཆར་པ་བབས་པའི་ཐུགས་ཉམས་བྱུང་ཞེས་གྲོང་ཅན་གྲྭ་རིགས་ཁ་ཤས་ལ་གསུངས་འདུག །གསང་བའི་མགོན་ཁང་དུ་རྗེ་འདི་དང་ཁྲི་ཆེན་གཉིས་ཕེབ་ཅིང༌། མར་ལམ་རི་བོ་ཆེ་མཐིལ་དང་བཀྲ་ཤིས་སྒོ་མང་གི་གནས་གཟིགས་མཛད། ནི་གུའི་ཁྲིད་ཀྱི་སྐབས་སུ་སྔ་དྲོ་ཟུར་ཆོས་ལ་རི་བོ་ཆེའི་ཁྲི་པ་བཀྲ་ཤིས་ལྷུན་པོའི་དགེ་སློང་མཆོད་གནས་པ། ས་དམར་ཆོས་མཛད། རྫོང་རི་རབ་འབྱམས་པ་རྣམས་ལ་སྨན་བླ་དང་ཞང་བློན་གྱི་རྗེས་གནང༌། མི་ལའི་རྣམ་ཐར། འགུར་མ། གསོ་རིག་བརྒྱུད་འདེབས་རྒྱུད་བཞི། སྡུད་པ། སྤང་སྐོང་ཕྱག་བརྒྱ། བསྐལ་བཟང་རྒྱན་ཕྲེང་རྣམས་ཀྱི་ལྗགས་ལུང་སྩལ། དེ་རྣམས་ཀྱི་མཚམས་ལ་མཇལ་ཕྱག་བཀའ་བསྒོ་ཞུ་མི་ཤིན་ཏུ་མང་ཞིང༌། མ་རྫོགས་ཙམ་ལ་ཁྲིད་ཆོས་ཀྱི་བརྡ་མཛད་དེ་ཁྲིད་དཔེ་ལ་ཡུད་ཙམ་ཞིག་གཟིགས་ནས། ད་དཔེ་ཆ་དེ་ཡག་པོ་བལྟ་ལོངས་མ་བྱུང་ཨ་གསུང་བར། ཞབས་ཕྱི་དཔལ་འབར་ནས་སྐུ་རྩེད་ཀྱི་རྣམ་པས་སྐྱོན་མེད། ཐོན་མིན་བྱུང་ན་ལྗགས་དབུགས་དགང་བར་ཞུ་ཞུས་པར། ལྟོས་ཨ་ཁོ་རེ། དབུགས་དགང་མི་དགོས་གསུངས་ནས་བཞད། བཀའ་