R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༦༨
[A:༡༦༨]ཁྲིད་སྩོལ་བའི་ཚེ་ཐེ་ཚོམ་ཅུང་ཟད་ཀྱང་མི་མངའ་བར་གསུང་བཤད་ཀྱི་རིགས་ཆུ་རྒྱུན་འབབས་པ་ལྟར་སྩལ་བས་དེར་ཡོད་ཀུན་ངོ་མཚར་གྱི་གནས་སུ་གྱུར། དེ་སྐབས་སུ་རི་བོ་ཆེའི་མཁན་ཆེན་དྲུང་ནས་བཀའ་ཆོས་གསན་པ་ལ། དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་དབང༌། བསྐྱེད་རྫོགས་ཀྱི་ཁྲིད་དང༌། ལུང་སྐོར། ཆོས་སྐྱོང་གི་བཀའ་གཏད་བཅས་དང༌། སྣར་ཐང་དུ་འཕགས་པའི་གནས་བརྟན་བ་ཀུ་ལས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་གནང་བའི་བརྒྱད་སྟོང་པ་ཕྲེང་བ་ཅན་དང༌། སློབ་དཔོན་ཆེན་པོས་གྲུབ་ཆེན་ལ་དངོས་སུ་གནང་བའི་གྲིབ་གླུད། མཁན་ཆེན་ཉིད་ལ་ཞལ་སློབ་སོ་སོས་ཕུལ་བའི་ཞབས་བརྟན་ཚོ་བཞིའི་ལུང༌། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དབང་མཐའ་བརྟེན་བཅས། དེ་ལ་བརྟེན་པའི་སྐྱེ་བདུན་རིལ་བུ་སྒྲུབ་ཐབས། སློབ་དཔོན་རིན་པོ་ཆེས་མཛད་པའི་མ་ཎིའི་ལས་ཚོགས་བསྟན་འཛིན་ནོར་བུའི་ལྗགས་བསྒྲིགས་མགོན་པོ་བདུན་ཚོགས་ཀྱི་བསྐང་བ། གྲུབ་ཆེན་གྱི་བསྟོད་པ། རིལ་བུ་དཀར་དམར་གྱི་ཡིག་སྐོར། གྲུབ་ཆེན་བླ་མའི་རྣལ་འབྱོར་རྣམས་ཀྱི་ལུང༌། གྲུབ་ཆེན་གྱི་དག་སྣང་སྤྱན་རས་གཟིགས་སེམས་དཔའ་བཞི་བརྩེགས་མ་ཎི་བུམ་དབང་དུ་གྲགས་པ་དང༌། བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་རྣམས་གསན། རྗེ་འདི་ཉིད་ཀྱིས་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། སྒྲོལ་དཀར། སོར་འབྲང༌། མགོན་པོ་ཕྱག་དྲུག་དཀར་སྔོན་རྣམས་ཀྱི་རྗེས་གནང་དང༌། འཆི་མེད་དཔལ་སྟེར་གྱི་ཁྲོམ་དབང་བཅས་སྩལ་ཏེ། བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་ཤིང༌། ཕན་ཚུན་ཐུགས་ནང་ཤིན་ཏུ་དག་པས་ལུགས་གཉིས་དང་འབྲེལ་བའི་མཛད་ཕྲིན་བཟང་པོས་དུས་འདས་སོ། །དོན་ཐིག་གྲོལ་མཚམས། ཕྱོགས་དཀར་ཕུའི་དགོན་པ་ཆོས་འཁོར་ལྷུན་