[A:༡༦༩]པོ་བས་སྤྱན་དྲངས་ཏེ་ཞག་བཞུགས་ཀྱི་ཚེ་དབང་སོགས་གནང༌། ནས་ཁལ་བརྒྱ་ཙམ་འབུལ་མི་བྱུང་བ་དགོན་པ་དེ་རང་དུ་སྦྱོར་འཇགས་མཛད། རི་བོ་ཆེ་ནས་མར་ལམ་ཆུ་ཚུགས་མདོ། ཨར་པོ། ངང་ལ། ཞ་ལུང༌། ས་དམར་མངོན་དགའ་རྣམས་སུ་རིམ་བཞིན་ཞག་ས་མཛད། མངོན་དགར་སྒྲོ་ལུང་པ་ཆེན་པོའི་དུས་ཆེན་ལ་ཊཾ་བཅོ་ལྔ་སྦྱོར་འཇགས་དང༌། ཁྱུང་ནག་རྗེས་གནང་ཡིག་ལུང་བཅས་སྩལ། དེའི་སང་སྣེ་གཞིར་ཀུན་དགའ་རབ་རྒྱས། མགོན་བློ་གྲོང་ཆེན་སྤྱི་ས་རྣམས་ཕེབ་བསུར་འབྱོར། ཡངས་གྲུའི་དར་ཐོན་ཞིང་ཤིང་གླང་རྒྱལ་ཟླའི་མཇུག་གྲོང་ཆེན་དུ་ཕེབ་སྟེ་ཐུགས་བྲེལ་གྱི་འཕྲོས་འགའ་ཞིག་མཛད་ནས། འདར་བསམ་འགྲུབ་པས་གདན་འདྲེན་ཞུས་པ་བཞིན་ཞལ་ངོ་རྣམས་ལ་ཚེ་བཀའ་དང་གཞིས་ལ་ཕྱག་ནས། དུས་རིམ་པ་གྲོང་ཆེན་གྲྭ་སློབ་རྣམས་དང་ཆབ་ཅིག་རྗེ་ཉིད་ཀྱིས་ཚོགས་དབུར་མཛད་དེ་གཏོར་ཟློག །གཏོར་སྤོད། ཐུག་གསོ་ཟུངས་གསོ་རྣམས་སྔར་སྲོལ་བཞིན་དང༌། མེ་སྟག་ལོ་གསར་རྟ་ཟླའི་ཚེས་གཅིག་དགའ་སྟོན་བཞུགས་གྲལ་ལ་མཆོད་ཡོན་གདན་འཛོམ་ཞིང་གྲོང་ཆེན་པ་རྣམས་ཀྱིས་དུང་རྒྱ་གླིང་སྒྲོགས་པ་སོགས་དགྱེས་སྟོན་རྒྱས་པར་མཛད། མར་ལམ་རྨུར་ཕེབ་ནས་སྐྱ་སེར་མང་པོར་ཚེ་བཀའ་སྩལ་ཏེ་གྲོང་ཆེན་དུ་ཕེབ། རྫོང་རམས་པར་ཚར་ཆེན་གྱིས་མཛད་པའི་ཀྱེ་རྡོར་བསྐྱེད་རིམ་རྣམ་བཤད་དང༌། ཆོས་རྒྱ་མཚོར་མདོ་མང༌། ལམ་འབྲས་པོད་སེར་སོགས་ཀྱི་ལུང་གནང༌། གཏེར་བདག་གླིང་པ་ཆེན་པོ་གར་དབང་འགྱུར་མེད་རྡོ་རྗེའི་ཞལ་སློབ་སྦས་པའི་སངས་རྒྱས་འགྱུར་མེད་ཀུན་བཟང་ཀློང་གྲོལ་སྤྱན་དྲངས་ཏེ་ཕེབ་ཉིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་སྤྱོད་ལྗགས་ལུང་དང༌། ལོ་ཟླ་དེའི་ཚེས་བཅུ་ནས་