R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧༠
[A:༡༧༠]འདོད་འཇོའི་བུམ་བཟང་གི་དབང་ལུང༌། རྡོར་སེམས་ཐུགས་ཐིག །སྙིང་ཐིག །བཏགས་གྲོལ། རྒྱུད་དྲུག །གཏེར་གསར། དྲག་དམར་རྣམས་ཀྱི་དབང་ལུང་ཁྲིད་སོགས་ཆོས་སྐོར་ཡོངས་རྫོགས་དང༌། གཅོད་དབང་ནམ་མཁའ་སྒོ་འབྱེད། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཡབ་བཀའ། ཡུམ་བཀའ། བཀའ་སྲུང་བཅས་དང་རིག་འཛིན་ཐུགས་ཐིག །གཤིན་རྗེ་དྲེགས་འཇོམས་རྣམས་ཀྱི་དབང་ལུང་ཕལ་ཆེར། ཕུར་པའི་རྣམ་བཤད་འགྲེལ་ཆེན་འབུམ་ནག །ཛམ་དམར་གསང་སྒྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེའི་རྣམ་ཐར་སོགས་ཤིན་ཏུ་མང་བར་གསན་ནོ། །དེ་སྐབས་སྔགས་སྲུང་མ་བཀའ་ཤིན་ཏུ་དོག་པའི་འཕྲོས་ཤིག་ལ། རྗེ་འདིའི་གསུང་ལས། ང་ཆུང་ངུའི་དུས་ནེ་ཐང་ཞིག་ན་དུད་འགྲོ་འདྲ་དང་བཅས་ཡོད་བསམ་པར་ལྷ་མོ་དམར་མོ་ཁ་ཊྭཱཾ་འཕྱར་ཞིང་ཐོད་པ་ཐུགས་ཀར་བཟུང་བའི་ཁེབས་དར་དམར་ཞིག་འདུག་པ་དེ་རླུང་གིས་བསྐྱོད་པས་དམར་ལྷབ་ལྷབ་བྱེད་པ་ཞིག་མཐོང་ཡང་ངོ་མ་ཤེས། རྗེས་སུ་བསམས་པས་ཨེ་ཀ་ཛ་ཏཱི་འདི་ཡིན་པར་འདུག་གསུང་ཞིང༌། གྲུབ་དབང་ནས་ཀྱང་འདིའི་རྗེས་གནང་རྗེ་འདི་ཉིད་དང་མཆོད་དཔོན་མ་གཏོག་གཞན་གང་ལ་མ་གནང༌། དེ་དུས་བཀྲ་བཟང་རིག་འཛིན་ཀུན་བཟང་ཡེ་ཤེས་མང་མཁར་གནས་གསར་ནས་རྗེ་ཉིད་འདི་མཇལ་བར་བྱོན་པར་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ག་ནོར་བུ་ལུགས་སུ་བསྡེབས་པ་དེའི་ལུང་གསན། བཀྲ་བཟང་པའི་གསན་ཡིག་ལ་ཐུགས་རྟོག་མཛད་པས་ཕུར་པའི་སྐོར་ཞིག་གསན་རྒྱུ་སྣང་གསུང་སྐབས་ཤིག་འདར་པས་སྤྱན་དྲས་ཏེ། དེར་བཞུགས་དུས་གསུང་ལས། སྔར་གྲོང་ཆེན་སློབ་དཔོན་ལགས་དེ་ཉིད་ཀྱིས་ངེད་ལ་ཤིང་མང་འདུ་ཁང་