[A:༡༧༣]ནས། དེ་ལྟར་མཛད་པའི་བགྲོས་ཤིག་ཀྱང་སྣང༌། ཞབས་འབྲིང་བ་རྣམས་ཀྱིས་བླ་མ་དེའི་མཛད་སྤྱོད་ལ་ཁྲེལ་བའི་རྣམ་པ་བྱས་པས། རྗེ་འདི་ཉིད་ཀྱི་གསུང་ལས། རང་རེས་ལུང་ཆུང་རེའང་ཆོས་ལ་འཇུག་མི་ཐུབ། ཁོང་གིས་རྒྱལ་ཁམས་ཆོས་ལ་འཇུག་ཐུབ་གསུངས་ནས་ཐུགས་དད་ལྷག་པར་ཆེ་མུར་གྲོང་ཆེན་དུ་རྗེ་འདི་ཉིད་མཇལ་བར་ཕེབ། ལྕགས་ཟམ་པས་རྗེ་འདི་ཉིད་ཀྱིས་སྔར་ནས་བསྒྲུབས་གནང་གི་ཚེ་བུམ་དེ་བཞེས་ནས་ཚེ་དབང་ཕུལ་བའི་ཞོར་ལ་གྲྭ་རིགས་སྦྱིན་བདག་མང་པོས་ཀྱང་ཐོབ། དེང་སང་དབུས་གཙང་ན་ངེད་རང་གཉིས་ལས་འགྲོ་དོན་ཆེ་བ་མེད། རྟེན་བཞེངས་ཕོན་ཆེན་འདི་འདྲ་ལ་གསོལ་མར་ཐོགས་འོང་བས་སང་ལེན་མི་ཐོང་གསུངས་ནས་མར་གྱི་འབུལ་བའང་མཛད། སྔར་བྲག་རྩ་རྡོ་རྗེ་འཆང་དེ་ཉིད་ཀྱི་སྐུ་ཐོག་ལ་གྲོང་ཆེན་སྒོ་འཕྱོར་གྱི་བྱང་ཤར་ན་ནང་སྟོང་ཞིག་ཡོད་པ་དེར་རྣམ་སྲས་ལྷ་ཁང་གནང་དགོས་ཞེས་འདུས་སྤྱི་ནས་ཞུས་པས། དེའི་བཀའ་བབས་ང་ལ་མེད། ཞབས་དྲུང་དབོན་རིན་པོ་ཆེར་ཞུས་གསུངས་པ་བཞིན། རྒྱུ་མཚན་ཕུལ་བ་ལྟར་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་འཇིམ་བཟོ་དང༌། གྲོང་ཆེན་སྦྱིན་པ། རྫོང་རི་རབ་འབྱམས་པ་གཉིས་ཀྱིས་གཟུངས་གཞུག་སྤར་འདེབས་སྦྲེལ་མཐུད། དྲི་བཟང་བྱུག་སྒྲིལ་སོགས་བགྱིས་ཏེ་རྣམ་སྲས་ཀྱི་སྐུ་མི་ཚད་མ་དེའི་གཟུངས་ཚང་མ་ཕྱག་བསྟར་དང༌། ཕྱག་ནས་གཏོར་འཛུགས་སོགས་བཅས་མཛད་དེ་དེང་སང་ཡང་ཞལ་དཀྱིལ་ལ་རྡུལ་མི་ཆགས་པ་སོགས་བྱིན་རླབས་ཀྱི་གཟི་འོད་འབར་བ་དེའི་དབུ་ཐོག་ཏུ་བླ་རེ་སོགས་མཆོད་ཆས་ཀྱིས་སྤྲས་པ་བཞུགས། འདི་སྐབས་གྲུབ་ཆེན་ལ་བཀའ་ཆོས་གསན་པའི་