[A:༡༧༤]སྔར་དགོང་སྲོད་གུང་གསེང་རྣམས་ལ་ཟངས་བསྟན་སྤོར་བའི་གྲྭ་པ་ཁ་ཤས་ལ་ལྷ་བརྒྱད། ཁྲོ་བཅུའི་རྗེས་གནང་ལུང་བཅས་དང༌། བསྐང་བའི་ལུང༌། འོག་མིན་ཆོས་སྡེའི་དབུ་བྱེད་འགྱུར་མེད་ཀྱི་འདོད་ཞུས་མངོན་དགའ་དབུ་བྱེད་ཆོས་དར། རྫོང་རམས་པ་སོགས་ཁ་ཤས་ལ་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་མཁའ་སྤྱོད་མའི་ཁྲིད་དང༌། བེའུ་བུམ་གྱི་ལུང༌། ནོར་སྐྱོང་རྗེས་གནང་དང༌། བེའུ་བུམ་གྱི་ལུང་བཅས་གནང༌། མངོན་དགའ་དབུ་བྱེད་ནས་ལུང་ཞིག་ཕུལ་འདུག་ཀྱང་གང་ཡིན་མ་ངེས་སོ། །དེ་དག་གི་དོན་བསྡུ་ན། འདར་སྟོད་གདན་ས་རི་བོ་ཆེ་སོགས་སུ། །ཆོས་འཁོར་བསྐོར་ཞིང་ཟབ་ཆོས་དུ་མ་གསན། །ཉམས་གསོ་གསར་བཞེངས་དགེ་རྒྱུན་སྦྱོར་འཇགས་སོགས། །གནས་གསར་འཇམ་མགོན་ཐུགས་བསྐྱེད་རྟེན་འབྲེལ་ཡིན། །ཞེས་སོ། །དེ་ནས་ནག་ཟླའི་ནང་དུ་འདི་ཕྱོགས་སུ་ཆིབས་ཁ་བསྒྱུར་བར་འདར་གྲོང་ཕེབ་སྐྱེལ་གྱི་སར་བསོད་ནམས་དཔལ་འབར་བརྒྱུད་གྲོང་ཆེན་སྦྱིན་པ་དང་རྫོང་རམས་པ་གཉིས་ལ་ཟུར་ཆོས་སྩོལ་བའི་བཀའ་སྩལ་པ། གཞན་ཡང་དེ་སྐབས་གྲུབ་དབང་དམ་པ་སྒྲོ་མོ་ལུང་པ་ཆེན་པོ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་ཞལ་སློབ་བཙུན་མ་བཅུ་སྐོར་ཞིག་ལ་དགོན་པའི་རྟེན་གསོ་མེད་ཅིང་རི་ཁྲོད་མ་ཕེར་བས་ཁྱིམ་དུ་སྡོད་པ་དེ་ཐུགས་ཀྱིས་མ་བཟོད་པར་དགོན་གསར་གནང་བའི་ཐུགས་བཞེད་ཀྱིས་ཡར་ལམ་ས་ཡུལ་གཟིགས་རྟོག་བཀའ་དྲིན་བསྐྱངས། འདིར་ཕེབ་སྐབས་ཐབ་བསུ། ཆིབས་བསུ། བཞུགས་ཡུལ་མཇལ་འཛོམ་གོང་དང་འདྲ་བར་ཞུས་ཤིང༌། ལོ་དེར་བཀའ་ཆོས་སྩལ་བ་རྣམས་ལ། ཟླ་ཚེས་བགྲང་ཆགས་ཀྱི་ཟིན་བྲིས་བཀོད་ཐུབ་པ་ཞིག་མ་བྱུང་ཡང༌། ཕེབ་འཕྲལ་