R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧
[A:༡༧]ཆེན་འཁྲུངས་རབས་གསོལ་འདེབས་ལས། མགོན་ཁྱོད་འོག་མིན་ཆེན་པོའི་ཞིང་ཁམས་སུ། །སྐུ་གསུམ་ཡན་ལག་བདུན་ལྡན་མངོན་གྱུར་ཀྱང༌། །ཞིང་འདིར་སྐལ་བཟང་འགྲོ་རྣམས་བསྒྲལ་བའི་སླད། །བགྲང་ཡས་རྣམ་སྤྲུལ་བསྟན་ལ་གསོལ་བ་འདེབས། །ཞེས་དང༌། རྗེ་འདིའི་སྐུ་བསྟོད་ངེད་རང་གིས་བརྩམས་པ་ལས། འོག་མིན་ཞིང་ན་སྐུ་ལྔ་ལྷུན་གྲུབ། །འཕགས་པའི་ཡུལ་ན་ཟས་གཙང་སྲས་པོ། །གངས་ལྗོངས་གནས་གསར་ཆོས་རྗེར་གྱུར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་སྨོས་ནས། ཟས་གཙང་སྲས་ཞེས་པའི་མཚན་དུ་འདི་ནི་ཁོ་བོ་ཅག་རང་ལོ་ཉེར་གཅིག་ལོན་སྐབས་ཀཱི་ལ་ཡའི་བསྙེན་སྒྲུབ་ཀྱི་ཚེ་དབོ་ཟླའི་ཚེས་དགུའི་ཐོ་རེངས་རྨི་ལམ་གྱི་སྣང་བ་ལས་ངེས་ཤེས་ཡང་དག་པར་རྙེད་དོ། །ཞེས་བཀོད་པ་ནི། སྤྱིར་སོ་སྐྱེའི་རྨི་ལྟས་ལ་ཚད་འཛིན་ཅི་ལ་ཡོད་ཀྱང༌། འདི་སྐབས་ཀྱི་སྣང་བ་འདི་ནི་བླ་མ་ཡི་དམ་གྱི་བྱིན་རླབས་དང༌། རང་གི་དད་མོས་ཀྱི་དབང་གིས་ཤར་བ་འདྲའང་རེ་ཞིག་དེ་སྐོར་གྱི་ལོ་རྒྱུས་ཞིབ་པར་འདྲི་མ་ནུས་པས་དོན་གཉེར་ཅན་ཡོད་ན་ཁོ་བོས་གསང་གཏམ་ལོགས་སུ་འདྲི་བ་དེར་གཟིགས་ཤིག །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་སྐྱབས་མགོན་དམ་པ་འདི་ཉིད་དབྱེར་མེད་དུ་བཞུགས་པས། དེའི་དབང་དུ་བཏང་ན་རང་ཅག་རྣམས་ཀྱི་སྟོན་པ་འདི་ཉིད་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་བླ་མེད་ཡེ་ཤེས་མཆོག་གི་གོ་འཕང་མངོན་དུ་མཛད་པ་ཡིན་ལ། འདི་ལའང་ཐེག་པ་ཆེ་ཆུང་