R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༨
[A:༡༨]གི་བཞེད་ཚུལ་མི་འདྲ་བ་ཡོད་ཀྱང༌། འདིར་ཐེག་ཆེན་གྱི་དགོངས་པ་བླ་མེད་འཁྲུལ་ཟད་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་པ་ལྟར་བཤད་ན། ཚུལ་དང་པོ་གསུམ་མཛེས་པར་བྱེད་པའི་རྒྱན་ལས། སྐྱོན་མེད་བླ་མ་རྣམས་ཀྱི་བཞེད་སྲོལ་ནི། །གྲངས་མེད་བསྐལ་པའི་སྔོན་དུ་རྫོགས་སངས་རྒྱས། །ཞེས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་འོག་མིན་སྟུག་པོ་བཀོད་པའམ། རྒྱ་མཚོ་ཞེས་བྱ་བར་སངས་རྒྱས་དབང་པོའི་ཏོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སླར་འཛམ་བུའི་གླིང་འདིར་སངས་རྒྱ་བའི་ཚུལ་ཙམ་ཞིག་བསྟན་པ་ཡིན་ཏེ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་མཛད་ཤཱཀྱའི་ཏོག་གྱུར་གང༌། །འཆི་བདག་ལས་རྒྱལ་སྒྱུ་མ་ཀུན་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་གསུངས་པས་སོ། །དེ་ལྟ་བུའི་སངས་རྒྱས་དེའང་དོན་དམ་པར་མཁའ་ཁྱབ་ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་སྟེ། སྐུ་གསུམ་མམ། དེའི་ཁར་ཀུན་ཁྱབ་ངོ་བོ་ཉིད་སྐུ་དང་ཤིན་ཏུ་རྣམ་པར་དག་པ་ངོ་བོ་ཉིད་ཀྱི་སྐུ། ཞེས་སྐུ་ལྔའི་རང་བཞིན་ཅན་དུ་བཞུགས་ཤིང༌། དེའི་ནང་ཚན་སྤྲུལ་པའི་སྐུའི་སྐབས་སུ། རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་ལས། གང་གི་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པ་ལྟར། བྱང་སེམས་དང་མཁས་གྲུབ་སོགས་དུ་མའི་ཚུལ་བཟུང་བར་མཛད་པས་ན། དེ་ལས་འཁྲུངས་