[A:༡༨༡] བདེ་མཆོག་དང༌། ཡོ་གའི་སྐོར་མུས་ཕྱོགས་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པ་དེ་དག་གི་ལུང་རྣམས་གསན། ཡང་དེ་སྐབས་མ་དྲུང་ཞབས་འབམ་གྱིས་ཤིན་ཏུ་བསྙུན་པས་འབྱོན་མི་ཐུབ་པ་དེ་འཁྱོགས་ལ་བཏེག་ནས་གཟིམས་ཆུང་དང་ཉེ་སྐོར་གྱི་མགོན་ཁང་དུ་ཚེ་དབང་བླ་མ་ཞི་ཁྲོ་ཞུས་སྐབས། ད་ལམ་མི་སྐྱོན་གསུངས་ནས། ཚེ་དབང་བརྒྱ་ཚར་གནད་སྨིན་སྩལ་ཞིང༌། གསུང་སྒྲོས་ཀྱི་ཟུར་ལ་ཟས་མིན་གྱི་འཕྲོས་ཤིག་བྱུང་བས། འདི་འདྲ་བླ་མ་ས་སྐྱ་པ་ཆེན་པོ་ནས་བཟུང་ས་སྐྱའི་གདུང་རབས་རྣམས་ལ་ཤིན་ཏུ་ལན་ཆགས་པར་ཡོད་པས་ཁྱེད་རང་སྐུ་མཆེད་རྣམས་འདི་ཟློས་ཤིག་གསུངས་ནས། འཇིགས་བྱེད་ནག་པོའི་དུག་སྔགས་ཆིག་བརྒྱུད་མ་དེ་དེ་འཕྲལ་ལག་ཁྲིད་མཛད་དེ་གནང༌། རྗེས་སུ་དེའི་མན་ངག་ཏེ་ར་ཝ་ལའི་ཁྱད་ཆོས་དེའི་ལྗགས་ལུང་ཡང་སྩལ་བས་དེ་ཁོ་ནའི་བྱིན་རླབས་ཀྱིས་ཡིན་ནམ། གཞན་ངེད་རང་ལའང་སྔོན་ལས་ལྟ་བུས་འདི་འདྲ་མྱོང་དགོས་པའི་མཚན་མ་ཞིག་ཡོད་ཀྱང་སྔར་ཕན་ཅིའང་མ་སྐྱོན་པ་ནི་འདི་ཁོ་ནའི་ཐུགས་རྗེར་མངོན་ནོ། །ཡང་ས་ག་ཟླ་བའི་ནང་ཙམ་ལ་ངེད་རང་ལ་དབང་བཀའ་གསན་བཞེད་ཀྱི་བཀའ་ཕེབ་བྱུང་བར། རང་ཉིད་ནི་དཔལ་ས་སྐྱའི་གདུང་དུ་སྐྱེས་པའི་རིགས་རུས་ཆེ་བ་ཙམ་ལས། སྐྱེས་སྦྱངས་ཀྱི་ཡོན་ཏན་སོགས་གང་ས་ནས་མཁས་གྲུབ་དམ་པ་འདི་ཙམ་གྱི་དབུ་བླར་འཕེར་བའི་རེ་མེད་ཀྱང༌། བླ་མ་ལྔ་བཅུ་པ་ལས། བླ་མ་མཉེས་བྱེད་གང་ཡིན་བྱ། །ཞེས་གསུངས་པ་བཞིན་དགོངས་པར་གཏད་ཚེ་རང་ཡང་དེ་བཞིན་སྐལ་བ་བཟང་སྙམ་པའི་སྤོབས་པ་བསྐྱེད་དེ། ཆོས་བཀའ་ཕྲན་བུ་ཕུལ་བར། རྡོ་རྗེ་ཕུར་པའི་སྟོད་ལས། ཡང་དག་ལྷ་དགུ། ཀྱེ་རྡོར་རྒྱུ་ལམ།