[A:༡༨༠]ས་སྐྱ་པ་རྣམས་ཀྱི་ཡབ་ཆོས་ཡང་ཕུར་གྱི་རྫོགས་རིམ་ཟབ་མོ་བསམ་གཏན་གླིང་པའི་ཨ་ཏིའི་སྐོར་གྱི་ལུང་ཡོངས་སུ་རྫོགས་པ་དང༌། ཕུར་པ་རྩ་དུམ་ས་སྐྱ་པཎ་ཆེན་གྱི་འགྱུར། སྒྲུབ་ཐབས་བཀླགས་པས་དོན་གྲུབ། སྒྲུབ་ཐབས་དོན་གྲུབ་སྙིང་པོ། ཡང་སྙིང་ལྷན་སྐྱེས་གསལ་བ། དཀྱིལ་ཆོག་རྟོགས་པར་སླ་བ་རྣམས་དང༌། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་བཀའ་འབུམ་ཡོངས་སུ་རྫོགས་པའི་ལུང༌། བདེ་མཆོག་ལོ་ཧི་པའི་སྨད་ལྔར་གྲགས་པའི་ནང་ཚན་མངོན་པར་རྟོགས་པ། ཤེས་རབ་བསྲུང་བའི་ཆོས་བཞིའི་ནང་ཚན་མངོན་འགྲེལ། ཕྱི་རོལ་མཆོད་པ། ལག་མཆོད་བཅས་ཀྱི་ལུང་གསན། མཁས་པའི་དབང་པོ་ཀུན་དགའ་སངས་རྒྱས་ཀྱི་དྲུང་ནས་སྒྲ་མདོ་པཱ་ཎི་པ་འགྲེལ་པ་དང་བཅས་པའི་ལུང་དང༌། རི་མོའི་ཕྱག་ཁྲིད་གསན་ཏེ། ཀུན་དགའ་སངས་རྒྱས་དེས་སྒྲ་མདོ་པཱ་ཎི་ལ་ཚེགས་མེད་ཨི་ཀི་ཨ་ཙ་ལ་ཡང་ནའོ་ཞེས་པ་འདི་ཤེས་ནས་གྲོལ་བ་ཡིན། ཞེས་ཞུས་པ་ཙམ་གྱིས་ཐོགས་མེད་དུ་དགོངས་ཏེ། ལུང་གསན་པ་དང༌། རི་མོ་མཛད་པ་དུས་མཉམ་དུ་གྲུབ། འདི་ནི་སྔོན་ཁ་ཆེ་པཎ་ཆེན་ལ་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་བདག་ཅག་བོད་ལ། སྔོ་མ་ཡིན་པ་ལས་ལོག་པའི་སྔོ་ཙམ་བྱ་བ་ཞིག་འདོད་ལགས་ན། དེ་ཅི་ལྟར་ལགས་ཞུས་པས། སྔོན་པོ་དོན་ལ་ཡོད་ཙམ་ཙམ་མང་པོ་དེ་ང་ལ་ཆ་མེད་གསུངས་པས། ཚད་མའི་གནད་ཐམས་ཅད་དེར་གོ་ཞེས་བཤད་པ་དང་མཚུངས་སོ། །སྐྱི་སྟོན་པདྨ་ཕྲིན་ལས་ནས་བརྒྱུད་པའི་འཕོ་བ་འཇག་ཚུགས་མའི་ལུང་ཁྲིད་ཀྱང་གསན། མུས་ཆེན་བསོད་ནམས་དཔལ་བཟང་ལས། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང་དང༌། གོང་དུ་ངེད་རང་ལ་སྩལ་བའི་ས་སྐྱ་པའི་གདུང་རབས་ཆེན་མོ་དང༌།