[A:༡༨༤]བསྟན་པའི་སྒྲོན་མེས་དྲག་དམར་ཉང་ལུགས་ཀྱི་དབང་ཕུལ། འདི་ལོ་སྣྲོན་ཟླའི་ནང་གཟིམས་ཕུག་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མགོན་པོ་ལས་ཏཱ་ར་ནཱ་ཐས་མཛད་པའི་ནི་གུའི་ཁྲིད་ཡིག་ཟབ་དོན་ཐང་མར་བརྡལ་བ་དང༌། གྲུབ་དབང་བསྟན་འཛིན་ཕུན་ཚོགས་ཀྱི་རྣམ་ཐར་ཞལ་གསུང་མ་དང༌། དེའི་ཁ་སྐོང་གྲྭ་ཐང་མཁན་ཆེན་ཀུན་དགའ་མཁྱེན་བརྩེ་ཕུན་ཚོགས་ཀྱིས་མཛད་པའི་ལུང་དང༌། ཡང་ཐ་སྐར་ཟླ་ནང་ཙམ་ལ་ཐུབ་བསྟན་ལྷ་ཁང་ཆེན་མོའི་མཁན་རིན་པོ་ཆེ་བྱམས་པ་ཀུན་དགའ་ཟླ་འོད་ལས། དེ་ཉིད་ཀྱིས་མཛད་པའི་ཡབ་རྗེ་རྡོ་རྗེ་འཆང་གི་རྣམ་ཐར་ཡིད་བཞིན་ནོར་བུའི་ལྗགས་ལུང་གསན་ཞིང༌། སྔར་ནས་ཐུགས་ནང་ཤིན་ཏུ་དག་གཤིས་དཔོན་སློབ་གྱེས་ཁར་ཕན་ཚུན་གཉིས་ཆར་ནས་མཉམ་ཕྱག་དང༌། གཅིག་གིས་གཅིག་ལ་འཆང་བར་མཛད་དེ་སྤྱན་ཆབ་དང་བཅས་གསུང་སྒྲོས་ཐུགས་སྨོན་གྱི་རིགས་དུམ་ཙམ་ཞིག་གནང་སོང་བ་ནི། དེའི་ཕྱི་ལོ་མཁན་ཆེན་དེ་ཉིད་ཞིང་གཞན་དུ་ཕེབ་པའི་འབྱུང་འགྱུར་ཡང་དག་པར་མཁྱེན་པར་མངོན་ནོ། །གོང་དུ་བཤད་པ་ལྟར་དགོན་གསར་གནང་བའི་སྤོམ་གཏའ་འཛུགས་མི་ས་སྐྱ་གུུ་ར་བ་དང༌། ས་ཆོག་ལ་རྫོང་རམས་པ་བྱམས་པ་ཕྲིན་ལས་པ་ས་སྐྱ་ནས་ཆེད་རྫོང་གི་བཀའ་བཀོད་དུ། ཁྱེད་རང་མ་གིར་ཀྱེ་རྡོར་དུས་འཁོར་གང་རུང་གི་ས་ཆོག་གམ། ཡང་ན། གསེར་མདོག་ས་ཡི་ལྷ་མོ་ནི། །ཞེས་སོགས་གང་འོས་བྱས་ཆོག་ཅིང༌། ཀླུ་སྨན་རིལ་ཐུམ་འདི་གྲོག་པོ་ལྷོ་བྱང་གི་ཆུ་མིག་དེར་ཆུག །ཆབ་ཀླུ། ཆབ་གསུམ། བསིལ་གཏོར་གང་དྲག་གྱིས། གདན་ས་ནས་ཞུས་པའི་བུམ་གཏེར་འདི་རྩིག་རྨང་དུ་ཚུད་གསུངས་པ་བཞིན་རྫོང་རམས་པས་དེ་བཞིན་དང༌། ཁྱད་པར་ཀླུ་སྨན་བཅུག་པའི་ཆུ་མིག་བྱང་