R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༨༥
[A:༡༨༥]མ་དེ་ན་སྔར་ཕ་ཝཾ་གི་སྟེང་ནས་ཆུ་ཐིགས་བྱེད་པ་ལས་རྒྱུན་འབབས་མེད་ཀྱང༌། རིལ་བུ་བཅུག་པའི་སང་ནས་བཟུང་ཆུ་གང་འདོད་བྱུང༌། དེ་སྐབས་ཀྱི་རིལ་བུ་དེ་ནས་ཉུང་ངུ་ཞིག་རྫོང་རམས་པས་འཚགས་མཛད་དེ། སླར་རྫོང་རིའི་ཕུའི་ཆུ་མིག་གཉིས་སུ་བཅུག་པས་སྔར་བསགས་རྫིང་དང་ཆུ་སྣེ་བཞི་ནས་འདྲེན་པ་དེ་མ་དགོས་པར། ད་ལྟ་ཞག་རྫིང་གི་ཆུ་ཤིན་ཏུ་མོད་པར་བྱུང་ངོ༌། །ལས་འགོ་འཇམ་དབྱངས་མཆོག་གྲུབ་ཀྱིས་བགྱིས་ཏེ། དེར་འདུ་ཁང་རུང་ཁང་སོགས་མཛད། བཙུན་མ་རྙིང་པ་རྣམས་དང༌། རིན་ཆེན་ཆོས་སྒྲོན་སོགས་གསར་དུ་སྐྲ་ཕུད་ཕུལ་བ་བཅས་བཅུ་དྲུག་ཙམ་གྱིས་ཀྱང་སོ་སོའི་གྲོང་ཁང་བརྩིགས་ཤིང༌། དགོན་པའི་མིང་བཀྲ་ཤིས་ཆོས་སྡིང་ཞེས་རང་བྱུང་དུ་ཆགས། མགོ་ཟླའི་ཚེས་མགོར་འདི་ནས་ཆིབས་ཁ་བསྒྱུར་ཏེ་དགོན་གསར་བཀྲ་ཤིས་ཆོས་སྡིང་གི་བཞུགས་ཁྲིར་ཕེབ་སྐབས། གསུང་ལས། འདི་གསར་འདེབས་ཡིན་ཀྱང་གནས་རྙིང་འདྲ་བ་ཞིག་བྱུང་གསུངས་ཏེ་དགེས། དེར་བཞུགས་ཞག་གཉིས་གནང་ཞིང་ཕྱོགས་འདུས་དང་གཉུག་མར་གནས་པ་ཁ་ཤས་ལ་ཚེ་དབང་བླ་མ་ཞི་ཁྲོ་དང༌། དགོན་སར་མང་ཇ་གྲལ་འགྱེད་སྩལ། དེ་ལོ་དགུན་ཆོས་ཞག་བཅོ་ལྔ་བླ་བྲང་ནས་གནང་ཞིང་ལོ་བསྟར་དགུན་ཆོས་ཞག་བཅོ་ལྔ་རེ་འོངས་པ་དང༌། གྲུབ་དབང་དམ་པ་སྒྲོ་མོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་སྣང་བརྙན་གསར་བཞེངས་མཛད་ཅིང༌། སྐུ་མཆོད་དུ་བླ་མའི་རྣལ་འབྱོར་ཟླ་བ་བྱུང་ངོ་ཅོག་གཏོང་རྒྱུ་བཅས་ཀྱི་ཐེབས་ཀྱང་སྩལ། དགོན་པ་དེ་དམག་ཟོར་མ་ལ་གཉེར་གཏད་མཛད་པས་ལེགས་ཉེས་སྟང་འཛིན་འཕྲལ་དུ་བྱུང་བས་ན། དགོན་གསར་གྱི་ལྷ་མོ་ཞེས་སྙན་གྲགས་ཆེའོ། །དེ་ནས་གྲོང་ཆེན་དུ་