[A:༡༨༦]ཕེབས། ཡང་གྲུབ་དབང་ཀུན་བཟང་ཀློང་གྲོལ་གདན་དྲངས། ཨ་ཏི་ཟབ་དོན་སྙིང་པོ་དང༌། མཁའ་འགྲོ་སྙིང་ཐིག་སོགས་ཀྱི་སྨིན་ཁྲིད་གསན། རྒྱབ་རྟེན་ལུང་ལ། སྙིང་ཐིག་ཆོས་ཚན་བདུན་ཅུ་རྩ་བཞི། རྫོགས་ཆེན་རྒྱུད་མ་བུ་བཅུ་བདུན། གཡུ་ཐོག་སྙིང་ཐིག་གི་དབང༌། མེ་དབང་མཐའ་བརྟེན་དང་བཅས་པ། མཆོག་དབང༌། དོན་དབང༌། ཚེ་དབང༌། སྨན་གྱི་ལྷ་མོའི་རྗེས་གནང་སོགས། གཟའ་རྒོད་དུག་གི་སྤུ་གྲིའི་བེའུ་བུམ། གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསང་བའི་རྣམ་ཐར་སོགས་མང་དུ་གསན་ནོ། །འདི་སྐབས་མུས་ཆེན་ནས། དུད་སོལ་མའི་རྗེས་གནང་ཞིག་གསོལ་བ་བཏབ་པས། ནམ་འོང་གི་བཀའ་གསལ་མ་བྱུང་བར་གསང་བའི་མགོན་ཁང་ན་མུས་ཆེན། རྫོང་རམས་པ་གཉིས་ཡོད་པར། སྐབས་ཤིག་སྲོད་ཡོལ་ཙམ་ལ་རྫོང་རམས་པ་ཐུགས་དམ་གྲོལ་ནས་གཟིམས། མུས་ཆེན་གྱིས་མ་གྲོལ་བར་མནལ་དང་འདྲེས་མུར་ཤིན་ཏུ་བཞད་བྲོ་བའི་ཉམས་མཛད་པས། རྫོང་རམས་པས་ཐུགས་དམ་གྱི་མུར་བཞད་བྲོ་རྒྱུ་ཅི་འདུག་ཞུས་པར། ཨ་འཇིགས་པ་ལ། གཏོར་སྒམ་གྱི་རྒྱབ་དེ་ན་བུད་མེད་འཇིགས་སུ་རུང་བ་རལ་པ་རྟིང་པར་སླེབ་ཅིང༌། མིག་ཧྲིག་ཧྲིག །སོ་ཐམ་ཐམ། སྤར་བ་དེང་དེང་བྱེད་པ་ཞིག་འདུག་གསུངས་ནས། ཐུགས་དམ་གྲོལ་ཏེ་གཟིམས་ཚར་བ་དང༌། དུམ་ཙམ་ཞིག་ནས་སྐུ་མདུན་དུ་འབོད་མི་གནང་བ་བཞིན་བཅར་བས་དུད་སོལ་མའི་རྗེས་གནང་གནང་བ་གྲོལ་མཚམས། གསོལ་ཇའི་སྐབས། རྗེ་འདི་ཉིད་ཀྱི་གསུང་ལས། མདང་ངའི་རྨི་ལམ་དུ་མདུན་འདི་ཁར་བུད་མེད་གོས་ཧྲུལ་པོ་གསུམ་བསྒྲིགས་ནས་ང་ལ་ཁ་ཁྲིག་ཁྲིག་མིག་ཧྲིག་ཧྲིག་བྱེད་ཅིང༌། ཅུང་མི་མཉེས་པ་ལྟ་བུ་