R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༨༧
[A:༡༨༧]ཞིག་བྱུང་གསུངས་པས། རྫོང་རམས་པའི་ཐུགས་ལ། བཟང་ངན་ཅི་ལྟར་ཡང་བླ་སློབ་དམ་པ་འདི་གཉིས་ལ་ནི་གཟིགས་སྣང་གཅིག་པ་དེ་འདྲ་བྱུང་འདུག །མགྲིན་བཟང་གཟིག་ལྤགས་གྱོན་པ་ཁྱོད་གཉིས་སྣང་གི་སྦང་དྲི་འཚུབ་བེ་ག་ལེ་སྐུ་བཞུགས་གནང་ཞིག་སྙམ་པ་བྱུང་གསུང༌། ཁོང་གཉིས་ལ་དུད་སོལ་དང་བེག་པོད་ཀྱི་ལུང་བེག་ཙེ་ལྕམ་དྲལ་དང་ལྷ་མང་གཉིས་ཀྱི་རྗེས་གནང་རྣམས་སྩལ། ཡང་དེ་སྔོན་ཙམ་ལ་མུས་ཆེན་ལ་བཀའ་གནང་སྟེ་སྒྲུབ་ཆེན་ཏིང་འཛིན་ཆོས་རྒྱལ་དྲུང་ནས་མ་གཅིག་ཐང་སྟོང་སྙན་བརྒྱུད་ལུགས་མུས་ཆེན་གྱིས་གསན་པ་དེ་ཕུལ་སྐབས། གསུང་ལས། ཁ་སེང་དབྱར་རྨི་ལམ་དུ་མ་གཅིག་གི་སྐུ་གཅིག་མཇལ་བྱུང་བ་ཆོས་འདི་ཐོབ་པའི་རྟེན་འབྲེལ་དུ་འདུག་གསུངས་སོ། །རབ་བྱུང་ཞེས་པ་མེ་ཡོས་ལོ་ཟླ་བ་གཉིས་པའི་ནང་དུ་ལྷ་ལྡན་ཀརྨ་ཤག་གི་ལྕམ་སྲིང་མ་བྲོ་ཤིན་ཏུ་འཚལ་བས་མྱུར་མགྱོགས་ཆིབས་བསྐྱོད་དགོས་ཚུལ་གྱི་གནས་ཚུལ་འབྱོར་དོན་ལྟར་དབུས་སུ་ཕེབ། བྱིན་རླབས་གེགས་སེལ་དུ་ཡུན་རིང་བཞུགས་པས་ཉེ་ཞོ་ལས་གྲོལ། དེ་སྐབས་བར་སེང་རྣམས་ལ་སྡེ་པ་སྦོར་བ་སོགས་ལྷ་ལྡན་གྱི་སྦྱིན་བདག་ཁ་ཤས་ལ་ཆོས་བཀའ་ཅི་རིགས་གནང་ཞིང༌། ལྷག་པར་སོག་ཡུལ་ཧ་ལ་ཤན་གྱི་བླ་དཔོན་ཐོ་ཡོན་དར་རྒྱས་ནས་སྔོན་གྱི་ལས་འཕྲོ་སད་པ་ལྟ་བུས་རྗེ་འདི་ལ་བཟློག་མེད་ཀྱི་མོས་པ་ཐོབ་སྟེ། དམར་པོ་སྐོར་གསུམ། རྣམ་སྲས་སྐོར་སོགས་ཆོས་སྐལ་ཤིན་ཏུ་མང་བ་ནོས་ཤིང་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པས། ཐོ་ཡོན་ཆོས་རྗེས་རང་ཡུལ་དུ་རྗེ་འདི་ཉིད་དུས་འཁོར་འཛུགས་པ་སོགས་ལ་ཕེབ་དགོས་ཀྱི་སྙན་གསན་ཕུལ་བར། སྐུ་རྩེད་ཀྱི་རྣམ་པས། ང་སོག་ཡུལ་དུ་འགྲོ་བ་ལ་དེ་ན་ལ་ཕུག་མེད་འགྲོ་བས་མི་འོང་གསུངས་པ་ན། དེ་