[A:༡༨༨]འདྲ་སྤང་གི་ལྡེབས་ལ་གང་མནོས་སུ་སྐྱེ་བ་ཡིན་ཞེས་སོགས་རྣམ་པ་དུ་མའི་སྒོ་ནས་གདན་འདྲེན་རེ་ཞུས་འདུག་ཀྱང༌། རེ་ཞིག་གདུལ་བྱའི་ཞིང་དུ་མ་གྱུར། དེ་ནས་ཡར་ཀླུང་དུ་ཆིབས་བསྐྱོད། འབྲུག་ལོ་བཅོ་བརྒྱད་གདུང་རིན་པོ་ཆེ་དང༌། བོད་འབྲུག་ཆོས་རྗེ་སོགས་ཉུང་ཤས་ལ་གཅད་རྒྱའི་ཐོག་ནས་ནང་ཁྲིད་མ་གཏོགས་མགོན་པོ་ཆེ་བའི་སྐོར་ཡོངས་སུ་རྫོགས་པ། མཁའ་སྤྱོད་མའི་ཁྲིད། དབུ་མ་ཆེ་བ། ལུང་ཡོངས་རྫོགས། གསེར་ཆོས་སྐོར་ཚང་མ། རྣམ་སྲས་རིན་ཆེན་བཅོ་ལྔའི་རྗེས་གནང་ལུང་བཅས་པ། གཞན་ཡང་དབང་རྗེས་གནང་ཟུར་བཀའ་ཤིན་ཏུ་མང་བ་སོགས་ལོ་འཁོར་ལ་ཉེ་བ་ཙམ་གསུང་ཆོས་ཆིག་སྒྲིལ་མཛད། དེ་སྐབས་མཁའ་སྤྱོད་མའི་བྱིན་རླབས་གྲུབ་ནས། གདུང་རིན་པོ་ཆེའི་ཞལ་དཀྱིལ་ཆུས་བཀྲུས་ཀྱང༌། དབུ་དཔྲལ་གྱི་སིནྡྷཱུར་མ་ཉམས་པར་ཞག་ཤས་གསལ་པོར་གནས་པ་ནི་བླ་སློབ་གཉིས་ཀའི་གྲུབ་རྟགས་དང༌། སྒྲ་མདོ་ཀཱ་ལ་པའི་ས་རིས་ཕྱག་ཁྲིད་མཛད་པས་ཐོགས་མེད་དུ་མཁྱེན་པ་སོགས་ལ་ཐུགས་ལྷག་པར་མཉེས་ཤིང༌། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཡང་སྲིད་དུ་ངོས་འཛིན་མཛད་དོ། །ས་སྦྲུལ་ལོར་ཕལ་ཆེར་གཅད་རྒྱ་ཁོ་ནར་བཞུགས་པའི་ཐུགས་དམ་གྱི་རིམ་པ་ལ་ནན་ཏན་མཛད་དེ་ཤེའུ་གྲོང་དུ་ཕེབ་ཞོར་རྨོར་དུ་ཕེབ་ཅིང༌། གྲྭ་པ་རྣམས་ལ་མང་འགྱེད་དང༌། རྨོར་ཆེན་རྡོ་རྗེ་འཆང་གི་སྐུ་མཆོད་དུ་ཟླ་བ་བྱུང་ངོ་ཅོག་ལ་བླ་མ་མཆོད་པ་གཏོང་རྒྱུའི་ཐེབས་སུ་དངུལ་སྲང་ཉི་ཤུ་རྩ་དྲུག །མཛོད་པས་ཞལ་འདེབས་སྲང་དོ་བཅས་དང༌། རྨོར་གྱི་དགོན་ལག །རབ་བརྟན་དགོན་གསར་དང༌། བསམ་གཏན་གླིང་བཅས་པར་རྡོ་རྗེ་འཆང་གི་སྐུ་མཆོད་ཐེབས་ཀྱང་རྒྱས་པར་སྩལ། རྟ་ལོ་ཤེའུ་གྲོང་གསང་སྔགས་གླིང་