[A:༡༨༩]དུ་ནང་པ་ཤག་གི་ཆོས་མཛད་ཀྱིས་སྦྱིན་བདག་བགྱིས་ནས་ཕྱོགས་འདུས་དང་གཉུག་མར་གནས་པ་ཤིན་ཏུ་མང་བར་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ལུང་ཡོངས་སུ་རྫོགས་པ་དང༌། གཞན་ཡང་འདོད་ཆོས་མང་བར་སྩལ་ཞིང༌། རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་རྫོགས་སུ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་ཚེས་བཅུའི་ཆོ་ག་ཟླ་རེར་ཆག་མེད་འོང་བའི་ཐེབས་སུ་དངུལ་སྲང་སུམ་ཅུ་སོ་དགུ་དང་ཞོ་དྲུག་སྦྱོར་འཇགས་མཛད། རིམ་བཞིན་བསམ་གཏན་ཆོས་གླིང་དང་འཕགས་སྡེར་ཡང་ཟབ་ཆོས་རྒྱ་ཆེར་སྩལ་ཏེ་ལྷ་ལྡན་དུ་ཕྱགས་ཕེབ། ལྕགས་རྟ་ལྕགས་ལུག་གཉིས་སུ་ཆུ་ལྷོ་བྱང་གི་དགོན་བཞི་བཅུ་སྐོར་ལ་མང་ཇ་སྦྱོར་སྦྲེལ་དང༌། གལ་ཆེན་རྣམས་ལ་འགྱེད་ཀྱང་སྩལ། ལུག་ལོར་གོང་ཞབས་ལྷ་མིའི་རྣམ་འདྲེན་དམ་པ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་བླ་མ་གྲྭ་ཚང་ཐུན་མོང་གི་ཞབས་བརྟན་འབུལ་བ་གནང་བ་དང་ཆབ་ཅིག་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་བསྐུར་གནང་བའང་གསན་ནོ། །བཅོ་བརྒྱད་ནས་གདུང་བརྒྱུད་རིན་པོ་ཆེ་དང༌། བོད་འབྲུག་ཆོས་རྗེ་ཞི་བ་ལྷ་སྤྲུལ་པའི་སྐུ་སོགས་དང༌། སྡེ་པ་ངག་དབང་བསྟན་འཛིན་ཕུན་ཚོགས། སྡེ་པ་ལྷ་དབང་ནོར་བུ་སོགས་ལ་ཟབ་ཆོས་ནི་གུ་ཆོས་དྲུག །གཤེད་དམར་གྱི་དབང༌། ཁྲིད། ལུང་ཡོངས་རྫོགས་སོགས་ཆོས་བཀའ་རྒྱ་ཆེར་གནང༌། འཕན་ཡུལ་དུ་བཅོ་བརྒྱད་ལ་གདན་འདྲེན་གནང་བ་བཞིན་ཕེབ། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་བཅས་དང༌། གཞན་ཡང་ཟབ་ཆོས་མང་བར་སྩལ། དཔལ་ལྡན་རྩེ་དང་ཉན་པོ་སོགས་སུའང་ཆིབས་བསྐྱོད། སླར་ཡང་ལྷ་ལྡན་བརྒྱུད་འོན་ཆོས་སྡིངས་སུ་རྒྱལ་སྲས་མཆོག་གི་