[A:༡༩༠]སྤྲུལ་སྐུ་རིན་པོ་ཆེའི་མཇལ་ཕྱག་ལ་ཕེབ། ཆོས་སྡིངས་གྲྭ་བགྲེས་མང་པོར་མཁའ་སྤྱོད་མའི་བྱིན་རླབས་སོགས་ཟབ་ཆོས་མང་བར་སྩལ་ལོ། །དེ་དག་གི་དོན་བསྡུ་ན། སྒྲུབ་པའི་སྡེ་བཏབ་བླ་མེད་ཆོས་འཁོར་བསྐོར། །སྐལ་ལྡན་རྗེས་བཟུང་ཟབ་ཆོས་བདུད་རྩི་གསོལ། །དགོན་གནས་གཉེར་གཏད་དབུས་ལྗོངས་འགྲོ་ཕན་མཛད། །གནས་གསར་འཇམ་མགོན་ཕན་བདེའི་བུམ་བཟང་ཡིན། །ཞེས་སོ། །ཨངྒིར་ཞེས་པ་ཆུ་སྤྲེལ་ཟླ་བ་དང་པོའི་ནང་དུ་གཙང་ལ་ཆིམས་བསྐྱོད་དེ་ཡར་ལམ་བོ་དོང༌། དགའ་ལྡན་ཕུན་ཚོགས་གླིང༌། ཆོས་ལུང༌། བྱང་རྩེ། བྲག་ཧྲམ་སོགས་ལ་གནས་གཟིགས་མཆོད་འབུལ་ཐུགས་སྨོན་མཛད་དེ། གཙང་གཞུང་བརྒྱུད་ནས་ཕེབ་པར་ཤག་མཚལ་ནས་གྲོང་ཆེན་པས་ཆིབས་བསུ་ཞུས་ཏེ། དེའི་ལན་བརྒྱུད་རིམ་གྱིས་གྲམ་པ་རྒྱང་གི་གཙུག་ལག་ཁང་རྣམས་མཇལ་བར་ཕེབ་སྟེ། ད་ལྟའི་གྲོང་ཆེན་དབུ་བྱེད་འདིས་གནས་བཤད་པ་ཞུས་ཏེ། རྒྱལ་བ་རིགས་ལྔ་བཞུགས་པའི་ལྷ་ཁང་ཞིག་ལ་འདི་ལ་ཆོས་རྒྱལ་ལྷ་ཁང་ཟེར་ཞུས་པས། འོ་འདི་ན་ཆོས་རྒྱལ་སྲོང་བཙན་སྒོམ་པོ་བཞུགས་འདུག་གསུང༌། སྔར་ཕན་ལྷ་ཁང་དེའི་མིང་དོན་འཕྲོད་པ་ཞིག་མེད་པ་ལ་དེ་ཕྱིན་ཀུན་གྱིས་ངེས་ཤེས་རྙེད། ཡོན་པོ་ལུང་དང་རྒྱང་འབུམ་མོ་ཆེ་སོགས་ལ་གནས་གཟིགས་མཆོད་འབུལ་ཐུགས་སྨོན་མཛད་དེ། དེ་ནུབ་མཚོ་སོར་བཞུགས། ནག་ཟླའི་ཚེས་གཅིག་ལ་གྲོང་ཆེན་དུ་ཕེབ་སྐབས་སེར་ཕྲེང་སོགས་སྔར་བཞིན་ཞབས་ཏོག་ཞུས་ཏེ། ཞག་གཉིས་སྐུ་ངལ་བསོ་བ་ལྟ་བུར་བཞུགས་པར། གྲྭ་ཚང་ནས་རྨོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཞབས་བརྟན་འབུལ་ཆོག་