[A:༡༩]རབས་ཀྱི་ཕྲེང་བ་རིམ་པར་བྱོན་པ་ནི། དེའང་འོག་ཏུ་ཞིང་ཁམས་བརྗེ་ཁ་མའི་མནལ་ལྟས་ལ་དཔག་ན། འཁྲུངས་རབས་གསོལ་འདེབས་འདིའི་དངོས་བསྟན་ཚིག་ཟིན་ལ་མེད་རུང༌། །མཁའ་ཁྱབ་སྐྱེ་རྒུ་སྤྱི་དང༌། བྱེ་བྲག་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས་དབང་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་ཐུགས་རྗེའི་གཏེར་ཆེན་དེ་ཉིད་ལས་གུད་ན་མ་མཆིས་ཤིང༌། འཁྲུངས་རབས་ཀྱི་དངོས་བསྟན་ངོ་མཚར་སྐུ་ཕྲེང་བཅུ་གསུམ་ལ། དང་པོ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ནི་རྒྱ་གར་སྨན་གྱི་དབང་པོའི་གྲོང་ཁྱེར་དུ་རྒྱལ་པོ་གསེར་གྱི་འཁོར་ལོའི་སྲས་དངུལ་གྱི་འཁོར་ལོ་རབ་ཏུ་བྱུང་བའི་མཚན་དཔལ་ལྡན་ཆོས་སྐྱོང༌། ཡེ་ཤེས་མཁའ་འགྲོས་དངོས་སུ་རྗེས་སུ་བཟུང་ནས་གྲུབ་པ་བརྙེས་ཏེ། རང་ཉིད་ངན་པར་ཞལ་གྱིས་བཞེས་པའི་མཚན་བིརྺ་པར་གྲགས་སྟེ། འཛམ་གླིང་མཁས་གྲུབ་ཀུན་གྱི་ནང་ན་འགྲན་ཟླ་དང་བྲལ་བ་དེང་སང་ཡང་སྭ་བ་ནཱ་ཐ་ན་རྡོ་སྐུའི་ཚུལ་དུ་བཞུགས་པ་དེ་ཉིད་དང༌། གཉིས་པ་སྠ་ཝི་ར་ནི། ཨོ་ཌི་ཡ་ནའི་གནས་སུ་སྐུ་འཁྲུངས་ཤིང༌། རྡོ་རྗེ་བཙུན་མོས་རྗེས་སུ་བཟུངས་ལ། གནས་ལྔ་མཁྱེན་པའི་པཎྜི་ཏ། རྡོ་རྗེ་གདན་གྱི་མཁན་པོ་མཛད་ཅིང༌། བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པ་དེ་ཉིད་དང༌། གསུམ་པ་དྷརྨ་པཱ་ལ་ནི། རྒྱ་གར་ཤར་ཕྱོགས་སུ་སྐུ་འཁྲུངས་པ་ལྔ་རིགས་མཐར་ཕྱིན་ཞིང༌། རླུང་སེམས་དབང་དུ་འདུས་པས་སྐུ་ཚེ་ལ་མངའ་བརྙེས་པ་ལོ་ཆེན་རིན་ཆེན་བཟང་པོའི་དབུ་བླ་དེ་ཉིད་དང༌། བཞི་པ་ག་ཡ་དྷ་ར་ནི། བྷངྒ་ལའི་རྒྱལ་པོ་ཙཎྜ་རཱུའུ་པ་ཨཀྵའི་ཡིག་མཁན་གྱི་རིགས་ཡིན་པས་ཀ་ཕསྠར་གྲགས་ཤིང༌། མཚན་དངོས་ག་ཡ་དྷ་ར་སྟེ་སྤྲིན་འཛིན་ནམ་སྤྲིན་