[A:༡༩༡]ཕན་བདེའི་འོད་དཀར་བཞིན་ཕུལ་ཏེ། གྲྭ་ཚང་ལ་ཚེ་དབང་དང༌། དབུ་བྱེད་འདི་པར་གུར་གྱི་དམར་ཆེན་གཏོར་ཟློག །རུ་མཚོན་དང་ཕྱི་རྟེན་འཛུགས་པའི་ཡི་གེ་བརྒྱུད་འདེབས་དང༌། བླ་མའི་སྐུ་བསྟོད་ཁ་ཤས་ཀྱི་ལྗགས་ལུང་སྩལ། སྐབས་འདིར་དགོན་དམར་ནུབ་ནས་གྲུབ་དབང་ཀུན་བཟང་འབྲུག་རྒྱལ་བྱོན་ཏེ། མཚན་བརྗོད་ཀྱི་ལྗགས་ལུང་ཞུས་པར། དོ་ནུབ་ཕྱིས་པས་མི་འོང་གསུང་བ་ན། བླ་མ་འདིས་ཁྱེད་རང་ནི་ཆོས་ཉིད་མངོན་དུ་གྱུར་པ་ཡོངས་གྲགས་ཀྱི་བླ་ཆེན་ཞིག་ཡིན་འདུག །ཆོས་ཐམས་ཅད་ནི་ཆོས་ཉིད་ལས་འདའ་བ་མེད། ངེད་རང་ཡང་ཆོས་ཉིད་ཆ་ཙམ་རྟོགས་ཤིང༌། དོན་དེ་ལ་འཁུ་འཕྲིགས་མེད་པས། ཐོག་མཐའ་བར་གསུམ་གྱི་ལུང་གིས་འཐུས་ཞུས་པས། ཁྱེད་ཀྱི་ལྟ་བའི་རྦད་ཁམས་དེ་ཁ་ཡིན་མདོག་རྣམས་ཀྱང་ད་ལྟའི་ལག་ལེན་རྩིངས་སྤྱོད་དེ་འདྲ་བརྒྱུད་པ་འདིའི་ཕྱག་བཞེས་ལ་མེད་པར་མ་ཟད། ལག་ལེན་དོགས་ཕྱོགས་ནས་བྱེད་པ་ཞིག་བསྟན་པ་རིན་པོ་ཆེའི་རྒྱན་དུ་ཆེ་བ་ཡིན་པས། ལུང་སོང་འབུལ་གསུངས་ནས་གནང༌། བླ་མ་འདི་ལ་འབྲེལ་ཐོགས་རྣམས་ལོག་འཚོར་སྐད་ཅིག་ཀྱང་མི་འགྲོ་ཞིང༌། ཐུགས་དམ་བཟང་བའི་ཚད་ཐུབ་པ་ཞིག་འདུག་གསུངས་ནས་ཐུགས་གཙིགས་ཤིན་ཏུ་ཆེ། ཡང་དགོན་དམར་ཤར་བྱམས་པ་དཔལ་ལྡན་ཡང་སྐུ་མདུན་དུ་འབྱོར་ཏེ། ངེད་ཆ་ལུགས་འདི་བཞིན་བྱས་པས་གཟུགས་པོར་ཁྱད་ཆེ་བ་ཞིག་བྱུང་ཚུལ་ཞུས་ཤིང༌། བཀའ་འགྲེལ་ཞིག་གནང་འདྲའང་གང་ཡིན་མ་ངེས། ཟླ་ནང་དེར་གྲོང་ཆེན་ལས་ཚན་འཕོ་ལེན་དང༌། ཚེས་བཅུ་དྲུག་ལ་ལས་ཚན་རྙིང་པ་རྣམས་ཀྱི་གསོལ་སྟོན་ཐོག །ད་ལྟའི་འདར་གྲོང་མཁན་