[A:༡༩༦]རྫོང་པའི་བླ་མ་གོང་མའི་ཕྱག་ལེན་གྱིས་བརྒྱན་པའི་ཆག་ལུགས། གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྟ་གོན་དང༌། དངོས་གཞི་གཉིས་ཀྱི་སྒོ་ནས་སྨིན་བྱེད་དང༌། འོད་གསལ་འཆར་བའི་བྱིན་རླབས་གྲོལ་བྱེད་སྤྲོས་མེད་ཀྱི་ཁྲིད། ཆོས་འབྱུང་ཁོག་དབུབ། བསྐྱེད་རིམ་གྱི་བཤད་པ་སོགས་ལེགས་བཤད་གངྒཱའི་ཆུ་རྒྱུན་ཟབ་ཅིང་རྒྱ་ཆེ་བའི་སྒོ་ནས་རྗེས་སུ་བཟུང་བ་དང༌། རྗེས་འབྲེལ་འདི་སྐོར་རྒྱ་བོད་ཀྱི་ཡིག་སྣ་ཁ་ཤས་ཀྱི་ལྗགས་ལུང་དང་བཅས་པ་སྩལ། འདི་སྐབས་ཞི་དགོན་མཁན་ཆེན་བསོད་ནམས་དཔལ་བཟང་དང༌། རིག་འཛིན་སྐལ་བཟང་རྣམ་གྲོལ་ཀྱང་ཆག་མེད་ཡོད། དེ་སྐབས་ངོས་ལ་གསང་འདུས་འཇམ་པའི་རྡོ་རྗེའི་དབང་རྒྱུན་དགོས་གསུངས་པ་བཞིན་དེ་གོང་ནས་དཔེ་འཛིན་གྲུབ་པས་ཕུལ་ཆོག་མ་ཡོད་ཀྱང༌། གློ་བུར་དུ་ཆམ་པ་ཞིག་གིས་རྐྱེན་བྱས་འབུལ་སྟབས་བདེ་མིན་གྱི་སྐབས། རྗེའི་གསུང་ལས། ད་ལམ་དབང་རྒྱུན་དེ་རྟེན་འབྲེལ་གྱི་གནད་ཅིག་གིས་ཅུང་ཟད་མ་འགྲིགས་པས་མི་ཞུ་ཞིང༌། འཇམ་དབྱངས་བསོད་ནམས་དབང་པོ་དང༌། སྔགས་འཆང་གྲགས་པ་བློ་གྲོས། ཨ་མེས་ཞབས་ཡབ་སྲས་དབོན་བཅས་ཀྱི་རྣམ་ཐར་ལུང་དགོས་གསུངས་པ་ལྟར་འཇམ་དབྱངས་སྐུ་མཆེད་ཀྱི་རྣམ་ཐར་ཨ་མེས་ཞབས་ཀྱིས་མཛད་པ་དང༌། དུས་ཞབས་པས་མཛད་པའི་ཨ་མེས་ཞབས་ཀྱི་རྣམ་ཐར། མངྒའི་མཚན་ཅན་གྱིས་མཛད་པའི་བསོད་ནམས་དབང་ཕྱུག་གི་རྣམ་ཐར། ནམ་བསམ་པས་བརྩམས་པའི་ཀུན་དགའ་བཀྲ་ཤིས་ཀྱི་རྣམ་ཐར་རྣམས་ཀྱི་ལུང་ཕུལ། ཆུ་སྟོད་ཟླ་མཇུག་ཙམ་ལ་འདི་ནས་ཆིབས་ཁ་བསྒྱུར་ཏེ་དབྱར་གྲོང་ཆེན་དུ་ཕེབ། ཚར་ཆེན་གྱི་དུས་