[A:༡༩༧]མཆོད་ཆེན་མོའི་ཚོགས་དབུར་ཡང་ཕེབ་ཅིང༌། དེ་སྐབས་མནལ་ལྟས་སུ་ཡོལ་བ་ཞིག་གི་ནང་ན་ཀྱེ་རྡོ་རྗེའི་སྐུ་སྐྱེ་མཆེད་ཤིན་ཏུ་གསལ་བ་ཞིག་ཡོད་པ་གཟིགས་གསུངས་པ་ནི་ཆོ་ག་རྣམ་པར་དག་ཅིང༌། ཏིང་འཛིན་ལས་སུ་རུང་བའི་གཟིགས་སྣང་དུ་མངོན། གྲོལ་ཉིན་ཆར་སྨུག་ཤིན་ཏུ་ཆེ་བར་ལ་ཆའི་སྦལ་གཟུགས་ལ་བརྟེན་པའི་ཆར་གཅོད་ཞིག་གནང་བས་ནམ་མཁའ་ཀུན་ཆར་སྨུག་གིས་འཐིབས་བཞིན་དུ། དེ་ཐད་ཀྱི་ནམ་མཁའ་དྭངས་ཤིང་འོད་གསལ་བས་ཀུན་གྱིས་ངོ་མཚར་དུ་འཛིན་པ་བྱུང་ཞིང༌། གཏོར་ཟློག་ཉིན་དཔའ་དམ་ཤུབས་ལྡན་ལེགས་པ་ཞིག་བསྔོ་རྟེན་འབུལ་མི་བྱུང་བར། རྟེན་འབྲེལ་གྱི་ལ་ཉེར་ཤིན་ཏུ་བཟང༌། མི་མཐུན་པའི་གཡུལ་ལས་རྣམ་པར་རྒྱལ་བར་འདུག་གསུངས། སྐུ་མཆོད་གྲོལ་འཕྲལ་རྗེ་ཉིད་དང༌། གྲྭ་ཚང༌། མུས་ཆེན། ད་ལྟའི་འདར་གྲོང་མཁན་འདི་དང་བཅས་འདར་གྱི་གླ་ཚལ་དུ་ཆབ་བདུག་ལ་ཉིན་གསུམ་ཙམ་ཕེབ་སྐབས་ཚར་ཆེན་རྡོ་རྗེ་འཆང་གི་འགུར་འབུམ་གྱི་ལྗགས་ལུང་གནང་བཞེད་ཡོད་པར་ཕྱག་དཔེ་ཐུགས་སྟབས་མ་བདེ་བས་གནང་མ་ཐུབ་ཀྱང༌། དཔོན་སློབ་ཚང་མ་ཐུགས་སྤྲོ་བའི་ཚད་ཐུབ་པ་ཞིག་བྱུང་ཞིང༌། གསུང་བག་ཕེབ་ལ་བྱིན་ཆེ་བ་དུ་མ་ཞིག་སློབ་སྣང་ཡོད་འདྲའང་ཇི་བཞིན་མ་ངེས། གསོ་རིག་རྒྱུད་བཞིའི་ལུང་གནང་སྐབས་བཅོ་བརྒྱད་གདུང་རིན་པོ་ཆེ་དེ་ཉིད་ལྟེམ་བབས་ལྕི་བས་གསུང་བརྟག་ཞུ་མི་བྱུང་བར། བཀའ་ལས། ད་ལམ་བློ་ཚབ་ཉམས་ཀྱིས་བརྟག་པ་ཇི་བཞིན་བྱེད་ཐུབ་པ་དཀའ་བས་བློ་ལ་གང་ཤར་ཞིག་ཞུ་བས་ཟླ་བ་འདི་ཁའི་ཚེས་བཅུ་བཞི་ཚུན་ལ་སྐྱོན་མ་བྱུང་ན་སྐུ་རིམ་འདི་རྣམས་མཛོད་གསུང་བ་སྩལ་ཡང༌། རྗེས་སོར་