[A:༡༩༩]ཚོགས་ཡིག་ལུང་ཁ་ཤས་སྩལ་ཞིང༌། དེ་དག་དང་དུས་མཚུངས་དགེ་འཕེལ་ལྷ་བཟོ་བ་ཀུན་དགའ་རྒྱ་མཚོ་འདར་སྨད་ལྷ་ཁང་དུ་སྒྲོལ་ལྗང་གི་སྐུ་སྐྱ་བཟོའི་བཀའ་བཀོད་སྩལ་བ་བཞིན་ཞུས། ཁྲུམས་ཟླའི་བཅོ་ལྔ་ལ་སྙེ་ཐང་འཕགས་སྡེ་བ་ཀུན་དགའ་སྨིན་གྲོལ། བྱམས་པ་དཔལ་ལྡན། གྲོང་ཆེན་དབུ་བྱེད་བློ་གསལ་ཆོས་འཛིན་རྣམས་ལ་བསྙེན་རྫོགས་གནང༌། ཐ་སྐར་ཟླ་ནང་དིང་རིར་ཆིབས་བསྐྱོད་དེ་བསམ་གྲུབ་ཏུ་བཞུགས་ཞག་དང༌། དེ་ནས་རིམ་གྱིས་བརྒྱ་ཚོ་ལ་བརྒྱུད་ཕེབ་ལམ་རྣམས་སུ་ཤེལ་སྤེ་ལྡིང་དཔོན། འགའ་ར་བ་སོགས་ནས་ཀྱང་ཚེ་བཀའ་ཞུ་བ་དང་ཞབས་ཏོག་རྒྱ་ཆེར་སྒྲུབ་ཅིང༌། རིམ་གྱིས་གླང་འཁོར་དུ་ཕེབ་སྟེ། ཞི་བྱེད་བསྟན་པའི་བདག་པོ་གླང་སྐོར་གདན་ས་པའི་གདུང་བརྒྱུད་དུ་འཁྲུངས་ཤིང༌། གཞོན་ནུའི་དུས་སུ་བྱང་ངམ་རིང་དུ་མཚན་ཉིད་ཀྱི་སྐོར་ལ་གསན་སྦྱོང་མཛད། དེ་ནས་རང་གི་ཁུ་བོ་བླ་ཆེན་འཆི་མེད་བློ་གྲོས་བསྟན་པ་སོགས་ཡོངས་འཛིན་དུ་མ་བསྟེན་ནས། མདོ་སྔགས་ཀྱི་ཆོས་ཚུལ་སྤྱི་དང༌། བྱེ་བྲག་ཞི་བྱེད་བརྒྱུད་པ་ཕྱི་མའི་སྐོར་ལ་གསན་བསམ་དང་སྒྲུབ་པ་མཐར་ཕྱིན་མཛད་པས་བློ་སྦྱོང་ལམ་ལྔའི་དཀའ་ཐུབ་ཀྱི་སྲང་ལས་བརྒལ་ཞིང་གཞན་སྣང་ཟིལ་གྱིས་གནོན་པ་སོགས་སྐུ་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་དེས། སྔ་ཐོག་དིང་རི་ཁུལ་དུ་ཞི་བྱེད་ཀྱི་ཆོས་འདི་དར་ཐུབ་པ་ཞིག་མི་འོང་འདྲ་བས། གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཞབས་ནས་རྙིང་ལུགས་ཆོས་བཀའ་དུ་མ་གསན་ནས། གང་ལ་གང་འདུལ་གྱིས་འགྲོ་དོན་བྱེད་སྙམ་སྨིན་གྲོལ་གླིང་དུ་བྱོན་ཏེ། བཀའ་ཆོས་ཅི་རིགས་གསན་ནས་རང་ཡུལ་དུ་ལོག་རྒྱུའི་ཐོན་ཕྱག་སྐབས། གཏེར་ཆེན་ཆོས་ཀྱི་རྒྱལ་