R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༠༠
[A:༢༠༠]པོས་གླང་སྐོར་གདན་ས་པ་ཞེས་འབོད་པ་གནང་ནས། ཁྱེད་རང་རྗེ་དམ་པ་སངས་རྒྱས་ནས་བརྒྱུད་པའི་ཞི་བྱེད་བསྟན་པའི་བདག་པོ་ཡིན་པས། དེ་ཁོ་ན་དར་ཞིང་རྒྱས་པའི་ཐུགས་བསམ་ཆེ་བསྐྱེད་དགོས་སོ་གསུངས་པ་བཞིན། ལུགས་འདི་ལ་ཐུགས་དམ་གྱི་མཐིལ་མཛད་ཅིང༌། འཆི་མེད་ཀྱི་རིག་འཛིན་བརྙེས་པས་དགུང་ལོ་དགུ་བཅུར་ཉེ་བར་བཞུགས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་འཆི་མེད་གཞོན་ནུ་བློ་གྲོས་ཀྱི་དྲུང་ནས། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐོར་ལས། བློ་སྦྱོང་གི་རྩ་བའི་བྱིན་རླབས་ཨཱ་ལི་ཀཱ་ལའི་བརྡ་དབང་ཆེན་མོ། ཡི་དམ་འཁོར་ལོ་བདེ་མཆོག །ཕག་མོ་ཞལ་གཉིས་མ་ལྷ་དགུ། ཕག་མོ་དམར་ཆུང་ཁྲོས་ནག །བདུད་རྩི་བུམ་པ། གཏུམ་མོ་ཆེ་ཆུང་བཞི་དང་བཅས་པའི་དབང༌། ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་རྗེས་གནང༌། ཞིང་སྐྱོང་ཀུན་ཏུ་རི་ཀའི་རྗེས་གནང་དང༌། ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་རའི་རྗེ་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ། སྤར་བུ་ནག་པོའི་རྗེས་གནང༌། ཞི་བྱེད་བློ་སྦྱོང་ལམ་ལྔའི་ཁྲིད། གསོ་རིག་པ་གཅེར་མཐོང་གི་ཁྲིད་གཉིས། ཨཱ་ལི་ཀཱ་ལི་གསང་བ་བསམ་གྱིས་མི་ཁྱབ་པ་ཆུ་ཀླུང་ཆེན་པོའི་རྒྱུད། མངོན་དཀྱིལ་དབང་རྗེས་གནང་སོགས་ཀྱི་ཡིག་སྐོར་ཚང་མ། དམ་པ་བླ་མཆོད། རྟེན་འབྲེལ་ཁང་འཇུག་སོགས་རྟེན་འབྲེལ་སྐོར། མགོན་པོའི་སྐོར་སོགས་སྐྱབས་མགོན་དམ་པ་ཉིད་ནས་གསན། རྗེ་འདི་དིང་རིར་སང་ཕེབ་རྒྱུའི་ནུབ་མོ་བླ་མའི་མནལ་ལྟས་སུ། དིང་རི་བླ་བྲང་གི་བཞུགས་ཁྲིའི་སྟེང་དུ་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས་མར་མེ་ཆེན་པོ་སྤར་བས་ཡུལ་ཁམས་སྤྱི་དང༌། ལྷག་པར་ཤར་ཕྱོགས་སུ་གསལ་བར་སྣང་བ་རྨི་