R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༠༡
[A:༢༠༡]བས། ཞི་བྱེད་འདི་དབུས་སུ་དར་བ་ཞིག་ཅི་ནས་ཀྱང་འོང་འདྲ་བས་སྐུ་ཞབས་དང་ཆོས་མཛད་ལགས་དཔོན་གཡོག་གཉིས་ནས་རེམ་མཛོད་ཅེས་གསུངས་ཞེས་བཀའ་ལས་ཐོས་སོ། །མགོན་པོའི་རྗེས་གནང་སྐབས་མགོན་ཁང་ནས་བཙོ་རྒྱུགས་པ་དིང་རི་བ་ཀུན་གྱིས་མཐོང་བའི་ཆོ་འཕྲུལ་ཆེ་བར་བྱུང་འདུག །དེར་ཆིབས་དྲེལ་སོགས་ཀྱིས་ཧ་ཅང་ཡུན་རིང་བཞུགས་མ་ཐུབ་པ་དང༌། བླ་མའང་སྐུ་ན་སྨིན་ཆེས་པས་འཕར་ལུང་དུ་གསན་དགོས་བཅས་ལུང་ལྟོས་ཆེ་བ་རྣམས་གསན་པར་རིག་འཛིན་སྐལ་བཟང་རྣམ་གྲོལ་འཇོག་པར་མཛད། གཉའ་ནང་སོགས་སུ་གནས་གཟིགས་ལ་ཕེབ་བཞེད་ཆེའང་ཁ་བ་ཆེ་གཤིས་ཕེབ་མ་ཐུབ། མར་ལམ་རི་བོ་ཆེ་པས་ལྕགས་ཆུ་མོར་གདན་འདྲེན་གནང་སྟེ། གདུང་བརྒྱུད་རྗེ་བཙུན་མ་མཆེད་སོགས་ལ་བརྒྱད་སྟོང་པའི་ལུང་དང་ཚེ་དབང་སོགས་གནང༌། སླར་ཡང་གྲོང་ཆེན་དུ་ཕེབ། ཟླ་བ་བཅུ་པའི་ཚེས་ཉེར་ལྔ་ནས་གྲོང་ཆེན་པའི་དགེ་འདུན་འགའ་ཞིག་དང༌། ཟངས་ལྡན་པའི་གྲྭ་རིགས། བསམ་ཆོས་པ། ཤར་ཆེན་པ། མངོན་དགའ་བ། སྤོ་ར་བ། ཕུག་ཆེན་པ། ཁྲོ་ཕུའི་སྒྲུབ་ཆེན་འོག་མིན་ཆོས་སྡེའི་དབུ་བྱེད་འགྱུར་མེད། རྫོང་རམས་པ་བཅས་དང༌། ད་ལྟའི་གྲོང་ཆེན་མཁན་པོ་ངག་དབང་ཤེས་རབ་བཅས་པར། མཁའ་སྤྱོད་མ་སྐོར་གསུམ་གྱི་བྱིན་རླབས། ནཱ་རོ་མཁའ་སྤྱོད་མའི་ཁྲིད་ལུང་ཤིན་ཏུ་རྒྱས་པ། འདི་སྐབས་སྔ་ཆོས་ལ་ཀྱེ་རྡོར་རྒྱུ་དབང་མ་ཐོབ་པའི་བླ་བྲང་རྫོང་པའི་དབུ་བྱེད་ལ་སོགས་པ་ཁ་ཤས་ལ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམས་བུ་ལུགས་གནང༌། ཁྲིད་རྣམས་གྲོལ་མཚམས་ཟངས་བསྟན་པའི་གྲྭ་