R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༠༢
[A:༢༠༢]རིགས་ཤིན་ཏུ་མང་བར་ཉིན་གཅིག་ལ་ཀུན་རིག་གི་དབང་ཆ་གསུམ་དང༌། རྫོང་རམས་པས་གསོལ་བ་བཏབ་ངོར། གཙུག་ལག་ཁང་དུ་སེང་ལྡེང་ནགས་སྒྲོལ་གྱི་ཆིངས་སྔོན་འགྲོས་ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཉིན་གཅིག་ལ་ཚར་བ་དང༌། འཕགས་པ་བཅུ་གཅིག་ཞལ་ལྷ་ལྔ། རྟ་མགྲིན་གསང་སྒྲུབ། སྤྱན་རས་གཟིགས་གཙོ་རྐྱང་ཕྱག་བཞི་པ་རྣམས་ཀྱི་རྗེས་གནང༌། རྒྱལ་སྲས་བཀའ་འབུམ་གྲས་ནས་སྨྱུང་གནས་ཀྱི་སྐོར་དང༌། རྨོར་ཆེན་གྱིས་མཛད་པའི་སྨྱུང་གནས། ས་ལོས་མཛད་པའི་མི་འཁྲུགས་པ་དང༌། ཀུན་རིག་གཉིས་ཀྱི་བརྒྱུད་འདེབས་ཀྱི་ལུང༌། ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་གསལ་བྱེད་ཉང་སྟོན་གྲུབ་པའི་གཏེར་མ་སོགས། གཞན་ཡང་ཡིག་ཆ་དུ་མའི་ལུང་སྩལ་ལོ། །དགུང་ཀེག་རྐྱེན་སེལ་ལ་ཟངས་བསྟན་གྲྭ་རིགས་ཁ་ཤས་ཀྱིས་སྒྲོལ་མ་འབུམ་ཐེར་འདོན་པའི་དམ་བཅའ་ཕུལ། རྗེ་ངག །ཤངས་དགའ་ལྡན་ཆོས་འཁོར་གྱི་གྲྭ་པ། རི་བོ་ཆེ་མཁན་ཆེན་གྱི་ཞལ་གྲས། ཁྲོ་ཕུའི་སྒྲུབ་ཆེན་གསུམ་ལ་ཆོས་ཆུང་བརྒྱ་རྩ། རྒྱལ་སྲས་བཀའ་འབུམ་སོགས་ཀྱི་ལྗགས་ལུང་ཀྱང་སྩལ། དགུན་དེར་རྫོང་རམས་པ་སོགས་བྱང་རིགས་ཁ་ཤས་ཀྱི་ཚོགས་འཁོར་དང་བཅས་སྐུ་ཞབས་སུ་བཅར་དུས་ཚེ་རྟ་སོགས་ཀྱི་དབང་སྩལ། ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་བཟུང་ཛ་ལུང་རྡོ་རྗེ་འཛིན་པ་ཆེན་པོས་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་གྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་ཆོས་སྐོར་པུསྟི་གཉིས། པད་གླིང་ཕྱག་རྡོར་དྲེགས་འདུལ། ཤར་གཏེར་ཞི་ཁྲོ་ངེས་དོན་སྙིང་པོ། །ཤར་གཏེར་དཀོན་མཆོག་སྤྱི་འདུས་ཀྱི་ཆོས་སྐོར་རྣམས་ཕུལ། ཆུ་བྱ་ལོ་