R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༠༤
[A:༢༠༤]ཟླ་བ་བཞི་པ་ནང་མང་མཁར་ཆབ་ལ་ཆིབས་བསྐྱོད། སླར་ཡང་བསམ་གྲུབ་ཏུ་ཡུམ་སྲས་ལ་ཆོས་བཀའ་ཅི་རིགས་གནང་ཞིང༌། ཛ་ལུང་དཔོན་སློབ་ནས་སྙན་བརྒྱུད་ཛ་བྷིར་གྱི་ལུང་དང༌། རླུང་ཟས་ཀྱི་སྤུངས་ཁྲིད་ཞག་གསུམ་ཙམ་ལ་རྫོགས་པར་གསན་ནས་གྲོང་ཆེན་དུ་ཕེབ། ཟླ་བ་ལྔ་པའི་ནང་གྲྭ་ཕུ་དགོན་གསར་དུ་ཕེབ། གྲྭ་ཕུ་གཞིས་གཉེར་སྒེར་དང༌། སྒྲུབ་སྡེ། མི་སེར་མང་ཙམ་བཅས་པར་ཚེ་དབང༌། སྒྲུབ་སྡེ། གྲོང་ཆེན་དབུ་མཛད། རྫོང་རམས་པ་བཅས་པར་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་དབང༌། དེའི་ལས་བྱང༌། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང༌། གསོལ་འདེབས་ལེའུ་བདུན་མ། གཏེར་བདག་མཆོད་ཕྲེང་སོགས་ཡིག་ལུང་ཚང་མ་དང༌། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། གཏེར་ཆེན་བླ་མས་མཛད་པའི་གུ་རུ་པདྨའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། གཞན་ཡང་ལྗགས་ལུང་གི་རིགས་མང་བ་དང༌། ཚོགས་འཁོར་གཟབས་རྒྱས་བཅས་སྩལ། དེ་ནས་ཤིང་མང་དགོན་ལ་ཕེབ། རྟ་མགྲིན་མ་གཏོགས་དབང་ལུང་ཚང་མ་གོང་བཞིན་སྩལ་ནས་འདར་སྨད་དུ་ཕེབ་སྐབས། ད་ལྟའི་གྲོང་ཆེན་དབུ་བྱེད་འདིས་རྣམ་འཇོམས་ཀྱི་ཁྲུས་བསྒྲུབས་ནས་གཙུག་ལག་ཁང་ལ་ཁྲུས་གསོལ་དང༌། རྗེ་ཉིད་ཕེབ་འཕྲལ་སྐུ་ཁྲུས་འབུལ་བ་སོགས་བྱས། ཕྱག་མཛོད་འཇམ་དཔལ་དང་ཆོས་མཛད་རྣམ་གྲོལ། གསོལ་དཔོན་མཆོག་གྲུབ་བཅས་ནས་རྗེ་ཉིད་དེར་ཕེབ། གདོང་དུ་སྒྲོལ་མའི་རྩི་གསོལ་རྣམས་གྲུབ་སྟེ་ཕེབ་བསུར་བྱུང་བ་དང་སྨད་ལྐོག་པའི་ཆིབས་བསུ་བ་རྣམས་ཀྱང་དེར་འབྱོར། ཤིང་མང་བའི་ཕེབ་སྐྱེལ་བ་དང་བཅས་ཕེབ་ལམ་