[A:༢༠༥]གྱི་གྲོང་ཁྱེར་དང་སྨད་ལྐོག་པ་རྣམས་ནས་དར་འཕྱར་བསང་དུད་དང་བཅས་ཕེབ། ཞག་ཤས་བཞུགས་ཐོག་སྒྲོལ་མར་ཕྱག་ནས་དང༌། ཕྱོགས་འདུས་དང་གཉུག་མར་གནས་པའི་སྐྱེ་བོ་སྟོང་ཕྲག་བརྒལ་བ་ལ་བླ་མ་ཞི་ཁྲོའི་ཚེ་དབང་རྒྱས་པར་སྩལ་ཞིང༌། དེ་རྣམས་ཀྱིས་ཟང་ཟིང་གི་མཆོད་སྤྲིན་བཏེག །དེར་ཡོད་དྲག་གྲས་རྣམས་ནས་སོ་སོའི་ཁྱིམ་དུ་གདན་འདྲེན་ཞུས། འདར་ཁང་གསར་པས་གོས་ལིང་གི་སྣམ་སྦྱར་དམར་པོ་ཞིག་ཕུལ་བའང་ཇོ་བོའི་སྐུ་ལ་འབུལ་བར་གནང་ཞིང༌། ཁ་ཤས་ལ་ཕྱག་འཚལ་ཉེར་གཅིག་གི་ལྗགས་ལུང་སོགས་ཆོས་བཀའ་ཅི་རིགས་སྩལ། སྒྲོལ་མའི་སྐུ་ལ་དཔོན་གཡོག་ཚང་མས་སྙན་དར་ཕུལ་བར་མཛད། གསོལ་ཚིགས་སྐབས་ད་ལྟའི་གྲོང་ཆེན་དབུ་བྱེད་འདི་རྡོར་དཀར་དུ་ཡོད་པས་ཆོས་མཛད་རྣམ་གྲོལ་ནས་ཁྱོད་ལ་འདི་སྐད་འདྲི་སྟེ། ཤ་ཟོས་པ་དང་མ་ཟོས་པ་ལ་ཕན་ཡོན་དང་ཉེས་པ་ཅི་འདྲ་ཡོད་ཅེས་བྱུང་བ་ན། རྗེ་ཉིད་ནས་ཐེག་པ་ཆེ་ལས་ཤ་རྣམས་བཀག །ཟོས་ན་ངན་འགྲོའི་རྒྱུ་རུ་གསུངས། །བྱ་བ་མིན་ནམ། ཞེས་གསུངས་ནས་བཞད་མོ་མཛད། ཡང་སྔ་དྲོ་ཞིག་གྲོང་ཆེན་དབུ་བྱེད་འདི་ལ་ཁྱུང་ལུང་མའི་གཏོར་མ་ཞིག་བཟོས། ན་ཉིན་ནས་གཞི་བདག་ཕྱིར་སྤོས་པ་འདི་ཁྱུང་ལུང་མ་རང་དུ་འདུག་པས་གཏོར་བསྔོ་བྱེད་པ་ཡིན་གསུངས་པ་ནི་འོད་གསལ་གྱི་ངང་དུ་གཟིགས་པར་མངོན། དེ་སྐོར་གྱི་ཐུགས་བྲེལ་རྣམས་ཆོད་བསྟུན་གྲོང་ཆེན་དུ་ཕེབ་ནས་ལུགས་གཉིས་དང་འབྲེལ་བའི་བསྟན་པ་རིན་པོ་ཆེའི་བྱ་བ་རྒྱ་ཆེར་མཛད་དེ། འདི་ཁར་ཆུ་སྟོད་ཟླ་བའི་བདུན་བརྒྱད་གང་རིགས་ཤིག་གི་ཉིན་ཤར་ནས་ཐར་རྩེ་རྡོ་རྗེ་འཆང་