R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༠༦
[A:༢༠༦]དང༌། ནུབ་ནས་རྗེ་འདི་ཉིད་ཕེབ་པ་ཉིན་གཅིག་ལ་ཤར་བས། འདྲེན་མཆོག་གཉིས་ཀའི་དྲུང་ཕེབ་བསུ་སོགས་སྔར་རྒྱུན་བཞིན་བསྒྲིགས་ཏེ་རིག་འཛིན་ཕོ་བྲང་གི་གཟིམས་ཆུང་འོག་མར་ཐར་རྩེ་རྗེ་དང༌། སྟེང་དུ་རྗེ་འདི་ཉིད་ཀྱི་བཞུགས་ཡུལ་བསྒྲིགས་པར་མཇལ་འཛོམ་ཞུས་སྐབས། གསུང་ལས། ཐར་རྩེ་གྲུབ་དབང་ཆེན་པོའི་བཞུགས་ཡུལ་འོག་ན་ཡོད་པ་འདི་བཞིན་ཞེ་འཚོར་བས་ལྷུན་གྲུབ་ཕོ་བྲང་དུ་སྤོ་དགོས་གསུངས་པ་བཞིན། སྔོན་གྱི་ནང་གོགས་བཞུགས་མི་སྤྲོ་བར་ཡོད་ཀྱང༌། བླ་བྲེ་ཡོལ་བ། སྔགས་འཆང་ཆེན་པོའི་ཐུགས་དམ་རྟེན་སྔགས་ཐང་གྲས་གཅིག་ཞལ་ཕྱེ་བ་སོགས་ཀྱིས་མཛེས་པར་བགྱིས་ཏེ། དེ་ཁའི་ནང་ཤར་ནུབ་གཉིས་སུ་དཔོན་གཡོག་ཚང་མ་བཞུགས་གདན་འཇགས། ངེད་རང་གི་ནུ་བོ་རྒྱན་མཆོག་གཅོང་ཆེན་དེར་ཆུ་སྟོད་ཚེས་བཅུའི་ཉིན་ཞལ་དཀར་བས་སྦྱོང་བཏང་བར་ཤར་ཕྱོགས་དམ་སེལ་ཅན་ཞིག་སླེབས་པས་རྐྱེན་བྱས་རླུང་གི་རྣམ་པས་ལྔའི་ལམ་པོ་ཆེར་ཆས་པ་ན། སྐྱབས་མགོན་མཚུངས་མེད་འདི་གཉིས་ཀྱི་སྲུང་འཁོར་དང་ལྗགས་གུལ་གྱི་དུད་པས་འཆི་བདག་གི་ལམ་ནས་སློག་ཙམ་བྱུང་ཡང༌། ཤིན་ཏུ་ཉམས་ཉེས་སུ་གྱུར་པའི་སྐབས་རྣམ་འདྲེན་དམ་པ་འདི་ཉིད་ཀྱི་ཚེ་དབང་བརྒྱ་ཚར་སྩལ་བའི་སང་དེ་ནས་ཅུང་ཟད་དྲག་ངོ་བལྟས། དེ་ནས་ཕུན་ཚོགས་གླིང་དབང་ཁང་དུ་ངེད་རང་མཆེད་སོགས་ལ་རྒྱུད་གསང་བ་སྙིང་པོའི་སེམས་ཉིད་ངལ་བསོ་རྩ་འགྲེལ། ངལ་བསོ་སྐོར་གསུམ་གྱི་སྤྱི་བཤད་ལེགས་བཤད་རྒྱ་མཚོ། མུས་ཆེན་སེམས་དཔའ་ཆེན་པོའི་བཀའ་འབུམ་ཚང་མ། མཁྱེན་བརྩེའི་ཞལ་གྱི་གཏོར་ཆེན། སྔགས་