[A:༢༠]གྱི་ཤུགས་ཅན་དུ་གྲགས་པ། བིརྺ་པའི་སློབ་བརྒྱུད་ཨ་བ་དྷཱུ་ཏཱི་པ་སོགས་ཀྱིས་རྗེས་སུ་བཟུང་ཞིང་མཁས་གྲུབ་ཀྱི་ས་ལ་བཞུགས་པས་འབྲོག་མི་ལོ་ཙཱ་བའི་བླ་མ་མཛད་དེ། ལྗོངས་འདིར་གསུང་ངག་རིན་པོ་ཆེ་ཐོག་མར་སྤེལ་བ་དེ་དང༌། ལྔ་པ་མཁས་གྲུབ་ཁྱུང་པོ་ནི། སྙེ་མོ་ར་མངས་སུ་རིགས་ཁྱུང་པོ་ལས་སྐུ་འཁྲུངས་ཏེ། བོན་དང་གསང་སྔགས་གསར་རྙིང་སོགས་གཞུང་ལུགས་མང་པོ་ལ་སྦྱངས་པ་མཐར་ཕྱིན། བླ་མ་བརྒྱ་དང་ལྔ་བཅུ་བསྟེན། ཁྱད་པར་ཡེ་ཤེས་མཁའ་འགྲོ་ནི་གུ་དང༌། སུ་ཁ་སིདྡྷི་ལས་ཡང་དག་པའི་གདམས་ངག་ཁྱད་པར་ཅན་བཞེས་ཏེ་མཁས་གྲུབ་ཀྱི་མཛད་པ་མཐར་ཕྱིན་པ་དེ་དང༌། དྲུག་པ་པཎ་ཆེན་བསོད་སྙོམས་པ་ནི། ཁ་ཆེ་ཁྲི་བརྟན་དུ་སྐུ་འཁྲུངས་པའི་མཚན་ཤཱཀྱ་ཤྲཱི་བྷ་དྲ་སྟེ། མ་བྱོན་སངས་རྒྱས་གསུམ་པ་རབ་གསལ་གྱི་རྣམ་སྤྲུལ་དུ་གྲགས་ཤིང༌། རྗེ་བཙུན་སྒྲོལ་མས་རྗེས་སུ་བཟུང་ཞིང་འདུལ་བའི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་ས་སྐྱ་པཎྜི་ཏའི་དབུ་བླ་དེ་ཉིད་དང༌། བདུན་པ་སངས་རྒྱས་སྟོན་པ་ནི། དབུས་ཀྱི་ས་ཆབ་བསིལ་མ་ཞེས་བྱ་བར་བོན་གྱི་རིགས་ལས་འཁྲུངས་ཤིང༌། སངས་རྒྱས་ཀྱི་བསྟན་པར་རབ་ཏུ་བྱུང་བའི་མཚན་བརྩོན་འགྲུས་སེང་གེ་ཞེས་ཐེག་པ་ཆེ་ཆུང་གི་ཟབ་ཆོས་དུ་མ་དང༌། ཁྱད་པར་ཤངས་ཆོས་ཀྱི་བདག་པོར་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་ཐ་མ་དེ་ཉིད་དང༌། བརྒྱད་པ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི། མྱང་སྟོད་གསེར་སྡིངས་སུ་འཁྲུངས་ཤིང་མདོ་རྒྱུད་བསྟན་བཅོས་ལ་མཁས་པར་གྱུར་པས་ཀུན་མཁྱེན་དུ་གྲགས་ཤིང༌། མཚན་དངོས་ཆོས་ཀྱི་འོད་ཟེར་ལ། ཐུགས་རབ་ཤིན་ཏུ་ཆེ་བས་འཕགས་པ་རིན་པོ་ཆེས་ཆོས་སྐུ་འོད་ཟེར་དུ་གསོལ་བ། ཧོར་དམག་བྱུང་