R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༡
[A:༢༡]བའི་ཚེ་མང་པོའི་སྲོག་སྐྱོབ་པ་སོགས་འགྲོ་བའི་དཔལ་མགོན་དུ་གྱུར་པ་དེ་ཉིད་དང༌། དགུ་པ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ནི། ཤབ་སྨད་སྒོམ་གནས་སུ་རྙིང་མའི་བརྒྱུད་འཛིན་ཞིག་གི་གདུང་དུ་འཁྲུངས་ཤིང་མདོ་སྔགས་རིག་གནས་དང་བཅས་པ་དང༌། ཁྱད་པར་དུས་ཕྱིས་ཡོ་གའི་བསྟན་པ་ལ་ཤིན་ཏུ་སྐུ་དྲིན་ཆེ་བ་དེ་ཉིད་དང༌། བཅུ་པ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་ནི། ལྡོང་གི་རིགས་ལས་འཁྲུངས་ཤིང༌། མཁས་གྲུབ་ཀྱི་གོ་སར་བཞུགས་ཏེ། རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེའི་མངའ་བདག་ཏུ་གྱུར་པ་དེ་ཉིད་དང༌། བཅུ་གཅིག་པ་ཕ་རྒོད་བསོད་ནམས་བཟང་པོ་ནི། གཞོན་ནུ་ནས་དམ་པའི་རིགས་སད་ཅིང༌། མན་ངག་རྒྱ་མཚོའི་མངའ་བདག་ཤངས་ཆོས་བསྟན་པའི་སྲོག་ཤིང༌། རྗེ་བཙུན་རྡོ་རིང་པའི་དབུ་བླར་གྱུར་པ་དེ་ཉིད་དང༌། བཅུ་གཉིས་པ་རྣལ་འབྱོར་དབང་མོ་ནི། ཚར་ཆེན་རིན་པོ་ཆེའི་སྐུ་ཞང་གི་རིགས་སུ་བལྟམས་ཤིང༌། མཁྱེན་པའི་ཡོན་ཏན་རྒྱ་ཆེ་བ་དང༌། རབ་ཏུ་བྱུང་མའི་བརྟུལ་ཞུགས་ལ་ཤིན་ཏུ་བརྩོན་ཞིང༌། རླུང་སེམས་དབང་དུ་འདུས་པ་དེ་ཉིད་དང༌། བཅུ་གསུམ་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནི། ཡོངས་གྲགས་ཀྱི་མཁས་གྲུབ་འགྲན་ཟླ་དང་བྲལ་ཞིང༌། རང་ལུགས་རྗེ་བཙུན་གོང་མའི་བསྟན་པའི་སྲོག་ཤིང་དེ་ཉིད་དེ། སྐུ་ཕྲེང་བཅུ་གསུམ་པོ་དེ་དག་གི་འཁྲུངས་རབས་འཁྲུལ་མེད་སོ་སོའི་མནལ་ལྟས་སོགས་ལས་ངེས་པ་རྙེད་པའི་ལོ་རྒྱུས་དང༌། རྣམ་ཐར་མདོར་བསྡུས་རེ་ནི་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོས་མཛད་པའི་ཚར་ཆེན་རིན་པོ་ཆེའི་རྟོགས་བརྗོད་དུའང་གསལ་ཞིང༌། ཞིབ་པར་ནི་སོ་སོའི་རྣམ་ཐར་ལས་རྟོགས་པར་བྱའོ། །དེར་མ་ཟད་འཁྲུངས་རབས་ཞལ་གསུངས་མའི་ཚིག་ཟིན་ལྟར། འཕགས་པའི་