R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༡༡
[A:༢༡༡]ཏྲ་དང༌། ལས་གཤིན་རིགས་གསུམ་གྱི་རྗེས་གནང་རྗེ་ཉིད་དང༌། ཞབས་ཕྱི་ཚང་མར་སྒྲ་མི་སྙན་གྱི་ཚེ་དཔག་མེད་ཀྱི་ཚེ་དབང་རྣམས་ཕུལ་ཏེ། ལོ་འདིར་འདར་ནས་དབུས་ཕྱོགས་ལ་ཕེབ་རྒྱུ་བཅས་ཕེབ་ཕྱག་སྔར་རྒྱུན་བཞིན་དང༌། ཟླ་བ་དེ་ཁའི་ཉེར་ལྔའི་སྔ་དྲོར་ཕེབ་ཁར་དབང་ཁང་སྨིན་གྲོལ་བདེ་ཆེན་དུ་ངེད་རང་མཆེད་དང༌། མ་དྲུང༌། སྲིང་མོ་བཅས་ནས་མཇལ་ཁ་ཞུས་ཐོག །མ་དྲུང་དེ་ཉིད་ཀྱིས་གདུང་ཤུགས་ཆེན་པོའི་སྒོ་ནས་ཕྱག་འཚལ་བ་དང་བཅས་བསྟན་པ་དང་སེམས་ཅན་གྱི་དོན་དུ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དང་དགུང་མཉམ་བཞུགས་པ་སོགས་ཞབས་པད་ཡུན་དུ་བརྟན་པའི་ཐུགས་དགོངས་གཡེལ་མེད་གནང་དགོས་ཞུ་བ་མཛད་སོང་བར། ཕྱག་དབང་དབུ་ཐུག་དང་བཅས་ཡུམ་དྲུང་རང་དེ་བས་ཀྱང་ལྷག་པ། ང་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་དགུང་མཉམ་བྱས་ནས་སྡོད་ཆོག་ཅེས་སོགས་གཞན་ངོ་སྲུང་ཞིང་བརྩེ་བས་མི་བསྐྱུངས་པའི་ཞལ་བཞེས་བཟང་པོ་དང་བཅས་དགྱེས་ཉམས་འཛུམ་ཞལ་གྱིས་སྤྲས་ཏེ་ཕེབ་སོང་བས། ངེད་རང་ལ་སྔར་དང་མི་འདྲ་བའི་སེམས་ལ་འཕྲེང་ཉམས་ཤིན་ཏུ་ཆེ་བ་ཞིག་བྱུང་བ་བཅས་ཆིབས་རགས་ནམ་མཐོང་བར་ལ་འཆི་མེད་རྡོ་རྗེའི་གུར་ཁང་རབ་གསལ་ནས་བལྟས་པ་ནི་དུས་འདིར་དཔལ་ས་སྐྱར་སྐུ་དངོས་མཐའ་མ་ཕེབ་པའི་སྔ་ལྟས་སོ། །ཨངྒི་ར་དཔལ་གདོང་ལོ་ལ་གཙང་ཕྱོགས་ཕེབ། །གནས་རྟེན་མཁས་གྲུབ་གཟིགས་ཤིང་ཞལ་བཅུད་གསོལ། །གདུལ་བྱའི་འཕྲོ་བསྐྱངས་རིས་མེད་གྲུབ་མཐའ་གསོས། །གནས་གསར་འཇམ་མགོན་བསྟན་འགྲོའི་དཔལ་མགོན་ཡིན། །ཞེས་སོ། །འདི་ནས་ཆིབས་སྐྱེལ་ཐབ་སྐྱེལ་བཅས་དང༌། ཕེབ་ལམ་གྱི་