R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༡༢
[A:༢༡༢]གྲོགས་སྦྱིན་བདག་རྣམས་ནས་ཀྱང་སོ་སོའི་མཁོས་བསྟུན་གྱི་བསྙེན་བཀུར་དང་བཀྲ་ཤིས་ཆོས་ལྡིང་ལྟ་བུར་ཞག་ས་གནང་ནས་གྲོང་ཆེན་དུ་ཕེབ་བམ་སྙམ་ཞིང༌། གང་ལྟར། དེར་གྲྭ་ཚང་ནས་ཞབས་བརྟན་གསོལ་འདེབས་རྒྱས་པ་དང༌། འདུས་ཚོགས་སྦྱིན་བདག་སོགས་ལ་ཚེ་དབང་སྨིན་རྒྱས་སྩལ། བླ་བྲང་སྟེང་གི་རུ་མཚོན་རྙིང་པ་རྣམས་གསར་བཟོ་བཀའ་དྲིན་བསྐྱངས་པ་སོགས་ཆོས་སྲིད་ཀྱི་མཛད་ཕྲིན་ཁ་ཤས་བསྟར་ཡོད་འགྲོའང་དེ་སྐབས་ཀྱི་ཟིན་བྲིས་ཞིབ་པར་མ་རྙེད། དེ་ནས་ལྷ་སར་སྡེ་པ་སྤོ་ར་ཡབ་ཤིན་ཏུ་བྲོ་འཚལ་བར་བརྟེན་ཆིབས་བསྒྱུར་གནད་དགོས་ཀྱི་གསོལ་འདེབས་ཞུ་ཤོག་རྟ་བཤད་ཀྱི་ཐོག་ནས་འབྱོར་པར་དེ་བཞིན་བཀའ་དྲིན་བསྐྱངས་ཏེ། མགོན་ཁང་ཆེན་མོ། གསང་བའི་མགོན་ཁང༌། རྨུ་མགོན་ཁང་བཅས་སུ་བསྐང་ཕྲིན་པ་བརྒྱད་གྲྭ་རེ་བཀའ་བཀོད་གནང༌། རྒྱལ་ཟླའི་ཚེས་བཅུ་བཞི་ལ་གྲོང་ཆེན་ནས་ཆིབས་ཁ་བསྒྱུར་ཏེ་ལ་མོ་སྒང་དུ་དེ་ཁའི་དགོན་མ་ལག་སྦྱིན་བདག་བཅས་ནས་ཕེབ་སྐྱེལ་ཞུས་པར། འདུས་ཚོགས་ཀྱི་དབུས་སུ་བཞེངས་ནས་ལུགས་གཉིས་དང་འབྲེལ་བའི་བསླབ་བྱ་ཞིབ་གསེད་མཐར་ཕྱིན་གྱི་བཀའ་བཀོད་ནན་ཏན་སྩལ་ཏེ་ཆིབས་ཁ་བསྒྱུར། ཁོག་རྫིང་དུ་གྲོང་ཆེན་པས་ཐབ་སྐྱེལ་ཞུས། གཞིས་ཆེན་དུ་བཞུགས་ཞག་གནང༌། སོང་ཉིན་གྲོ་བོ་ལ་བརྒྱུད་དེ་ཕེབ་ནས་གྲོང་ཆེན་པའི་ཆིབས་སྐྱེལ་བ་རྣམས་ལ་གསོལ་རས་དང་བཅས་སློག་པ་གནང༌། དེ་ནས་ཕེབ་ལམ་ལ་ཞག་གྲངས་ཇི་ཙམ་འགོར་དང༌། བསྟན་འགྲོའི་དོན་ཁ་ཤས་བཀའ་དྲིན་བསྐྱངས་ཡོད་འགྲོའང་ཟིན་བྲིས་ཤིག་མ་རྙེད། གང་ལྟར། འདི་སྐབས་རྟེན་འབྲེལ་མི་ཤིས་པ་ཁ་ཤས་བྱུང་སྣང་བ་གཙང་ཕེབ་ཐ་མའི་ལ་ཉེར་མངོན།