[A:༢༡༠]འགྲོ་བས་ཐུགས་སྒྲུབ་ཆོས་སྐོར་པོད་ཆུང་གཉིས་ཙམ་གྱི་ལུང་དང༌། དྲི་མེད་རྣམ་གཉིས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྩལ། ཡང་གཉན་མགོན་ཡིད་བཞིན་ནོར་བུ་སྟོབས་འཕྲོག་དབང་པོའི་ཆོས་སྐོར་སྩལ་བ་ལ། སྒྲུབ་དུས་ཐུན་མོང་བ། བསྙེན་དུས། གདོང་བརྙན་ཅན། དཀར་པོ་ཚེ་འཕེལ། ཐུན་མོང་དང༌། ཐུན་མོང་མ་ཡིན་པ། སེར་པོ་རྒྱས་བྱེད། དམར་པོ་དབང་སྡུད། ནག་པོ་དགྲ་བགེགས་སྒྲོལ་བ། གཤིན་རྗེ་ལྟར་སྒྲུབ་པ། ཁྱུང་ཞལ་ཅན་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། སྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང་སྐབས་རང་བསྲུང་བཀའ་རྒྱ་ཅན་གནང་བ། དེའང་ཆོས་མཛད་སྐལ་བཟང་རྣམ་གྲོལ་གྱིས་ཤིན་ཏུ་དངོས་གཙང་འབྲི་བར་མཛད་དེ། རྗེ་འདི་ཉིད་ཀྱི་སྒྲུབ་པ་གནང་བས་བྱིན་རླབས་ཀྱི་གཟི་འོད་འབར་བ་ཁོ་བོ་མཆེད་ཀྱི་བསོད་ནམས་བགོ་སྐལ་དུ་ཐོབ་ཅིང༌། བྲམ་ཟེ་མངགས་གཏད་ཀྱི་རྗེས་གནང་དང༌། ཧ་ལ་ནག་པོའི་བེའུ་བུམ་འཇམ་མགོན་ཨ་མེས་ཞབས་ཀྱི་དཀར་ཆག་ནང་བཞིན་གྱི་ལུང་ཀྱང་ཁོ་བོ་མཆེད་མ་གཏོགས་གཞན་ལ་མ་སྩལ། འདི་གྲས་བྲི་ཡིག་ཐུན་མོང་མ་ཡིན་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ཨ་མེས་ཞབས་ལའང་མ་གནང་བ་ཞིག་འདུག་པ་དེ། ཤིང་གླང་ལོར་དཔལ་ས་སྐྱར་ཕེབ་སྐབས་ཐོབ། འདི་སྐབས་ཀླུ་ལྡིངས་མཁན་རིན་པོ་ཆེ་རིན་ཆེན་མི་འགྱུར་རྒྱལ་མཚན་སྟོད་ཕྱོགས་དགོན་ལག་རྣམས་སུ་འབྱོན་པ་དང་མཉམ་དུ་འདི་ཁར་ཡང་ཕེབ་པར། སྟོང་ར་བའི་ཡི་གེའི་སྟེང་ནས་བཅུ་གཅིག་ཞལ་ལྷ་ལྔའི་རྗེས་གནང་ཕུལ་བ་གནང་ཞིང༌། དག་སྣང་དང་འབུལ་ནོད་ཕན་ཚུན་འགྲན་པ་བཞིན་མཛད། ལོ་འདིའི་སྨིན་དྲུག་ཟླ་ནང་ངོས་ནས་པུ་