[A:༢༡༣] མར་ལམ་གཞིས་རྩེར་བཞུགས་ཞག་གསུམ་བཞུགས་པའི་བཀྲ་ཤིས་ལྷུན་པོར་རྩེ་ཤོད་ཚང་མས་མཇལ་ཕྱག་ཞུ་བ་གནང་ཞིང༌། རྗེ་ངག་ལ་བཀའ་བསྒོ་གཟབས་རྒྱས་དང༌། མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི་བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ཀྱི་ལྗགས་ལུང་སྩལ་ནས་ཕྱིར་ཕེབ། སྙེ་ཐང་བྲག་སྣ་འཕགས་སྡེའི་གཙང་ཁང་ས་མུག་གིས་ཟོས་ཆེ་བར་ཞིག་གསོ་དང༌། དེ་ཞོར་འདུ་ཁང་མ་མོར་ཡང་སྤེན་བད་གཏོང་རྩིོས་འདུག་པར་ཐེབས་སུ་དངུལ་སྲང་བཅོ་ལྔ། བཟང་ཇ་འཁོར་དྲུག །ནས་ཁལ་སུམ་ཅུ། ཕོ་རྟ་ལེགས་པ་རྣམས་སྩལ། གང་སྤྱྀའི་བཀའ་སློབ་རྣམས་རྒྱས་པ་མཛད་དེ། ལྷ་ལྡན་དུ་ཆིབས་བསྐྱོད། གོང་ཞབས་ལྷ་མིའི་རྣམ་འདྲེན་དམ་པ་ཐམས་ཅད་མཁྱེན་གཟིགས་མཆོག་གི་མཇལ་ཕྱག་སྐབས་གོང་ནས་དཔོན་རིན་པོ་ཆེས་དབུས་གཙང་ཀུན་ཏུ་རིས་མེད་ཀྱི་ཆོས་སྦྱིན་རྒྱ་ཆེར་མཛད་པ་བཀའ་དྲིན་ཆེ་ཞེས་དགྱེས་ཞལ་ལྷུག་པར་བསྟན། སྔ་ལོ་ཆུ་སྤྲེལ་ས་བསྟན་སྤྱི་དང༌། བྱེ་བྲག་ཁའུ་བྲག་རྫོང་པའི་སྒོས་ཆག་ལྟ་བུས་བཅོ་བརྒྱད་གདུང་རིན་པོ་ཆེ་མཁྱེན་བརྩེ་ནུས་གསུམ་གང་ས་ནས་འགྲན་ཟླ་དང་བྲལ་བ་དེ་ཞབས་པད་མ་བརྟན་གཤིས་དགོངས་རྫོགས་སུ་དམིགས་པའི་བཅོ་བརྒྱད་བླ་བྲང་ནས་གསུང་ངག་ལམ་འབྲས་ཤིག་བརྩེ་གཟིགས་དགོས་ཚུལ་གྱི་སྙན་གསན་གནང་བ་བཞིན་ཞལ་གྱིས་བཞེས་ཤིང་ཡར་ཀླུང་དུ་ཆིབས་བསྒྱུར། ཆོག་མང་གི་ཚོགས་དབུ་སོགས་ལ་ཕེབ། དངོས་པོ་ཞེས་པ་ཤིང་ཁྱི་ཟླ་བ་བཞི་པའི་ནང་དུ་འཕེན་ཡུལ་དུ་ཕེབ་ནས་བཅོ་བརྒྱད་ཀྱི་ཚོགས་ཁང་དུ་བཅོ་བརྒྱད་བླ་བྲང་གི་ཞལ་ངོ་རྣམས་དང༌། བོད་འབྲུག་ཆོས་རྗེ། སྐྱེད་ཚལ་གོང་ནས་ཆོས་རྗེ་གཉིས། ཐུབ་བསྟན་ར་བ་སྨད་ཀྱི་བླ་མ་རབ་འབྱམས་སྨྲ་བ་ཀུན་དགའ་ཤེས་རབ།