R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༡༤
[A:༢༡༤] རྣམ་རབ་དྭགས་པོ་གྲྭ་ཚང་གི་བླ་མ་ལས་ཐོག་པ། ཉན་པོ་ཆོས་རྗེ་སྐུ་མཆེད། སྡེ་པ་ངག་དབང་བསྟན་འཛིན་ཕུན་ཚོགས་སོགས་དང༌། གཞན་ཡང་ཕྱོགས་འདུས་དང་གཉུག་མར་གནས་པ་ཉིས་བརྒྱ་བརྒལ་བ་ལ་གསུང་ངག་རིན་པོ་ཆེ་སྔ་ཆོས་ཕྱི་ཆོས་ཡོངས་སུ་རྫོགས་པ་རྒྱས་པར་སྩལ། ཡང་ཚར་བདུན་པ་དུས་འདིར་གསུང་ངག་རིན་པོ་ཆེའི་ཆོས་འཁོར་བསྐོར་བའི་ཐ་མའོ། །དེར་ཆོས་ཞུ་བ་བྱིངས་ལ་ཆམ་ཡམས་ལྟ་བུ་ཞིག་བྱུང་བས་རིམ་གྱིས་མཆེད་དེ་སྐྱབས་མགོན་དམ་པ་འདི་ཉིད་ལའང་མགུལ་ཆམ་བཞེས་པར་ཆོས་ཐུན་རྣམས་སྔར་མུས་བཞིན་ཆག་མེད་དང༌། ཅུང་ཟད་བསྡུས་པ་ཙམ་ཡང་མ་གནང་བའི་སྐུ་འཁྲུགས་དང༌། གཞི་ནས་ཉམས་གྲིབ་ལྟ་བུའི་རྐྱེན་གྱིས་སྐུ་ཤིན་ཏུ་ལྟེམ་པ་བྱུང་བར་སྟག་རྩེ་ཨེམ་ཆི་བསོད་ནམས་དངོས་གྲུབ་འབོད་པར་གནང་བའི་འཕྲོད་གཞེས་དང༌། ཞབས་བརྟན་སྐུ་རིམ་ཡང་རྒྱ་ཆེར་གནང་བ་བཅས་སྐུ་ཁམས་དྭངས་སྐྱེད་ཡོད་ཙམ་བྱུང་བ་འཕེན་ཡུལ་ན་ལེནྡྲ་ནས་ཆིབས་བསྒྱུར་བས། དེ་ནུབ་རང་ནས་ཅུང་ཟད་དྭངས་བསྐྱེད་ཡོད་པ་ལྟ་བུ་དང༌། དེ་ནས་བཟུང་རིམ་དྭངས་སུ་གྱུར། ལྷ་ལྡན་དུ་འཕྲོད་གཞེས་དང་བཅས་ཞག་ཤས་བཞུགས་ཐོག །སྙེ་ཐང་བརྒྱུད་དེ་ཡར་ཀླུང་དུ་ཕེབ་པའི་ལོ་མཇུག་དང༌། ཕག་ལོའི་ནང་ཕལ་ཆེར་གཅད་རྒྱ་ཁོ་ནར་བཞུགས་མུར། ངོར་བླ་མ་ཚེ་མཚམས་བསམ་གཏན་ཕུན་ཚོགས་དང༌། འདར་གྲོང་མཁན་ཆེན་ངག་དབང་ཤེས་རབ་ལ་ནཱ་རོ་མཁའ་སྤྱོད་དང༌། རྩ་དབུུ་མ་ཆེ་བའི་ཁྲིད་དང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་སོགས་སྩལ་ཞིང༌། ཞི་བ་ལྷ་སྤྲུལ་པའི་སྐུར་ཡང་གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད་སོགས་སྩལ། གཞན་