[A:༢༡༦] བཞུགས་ཁྲིའི་ཇ་གྲལ་གྱི་ཐོག་དབུས་ལྷོ་བྱང་གི་གནས་ཚུལ་ལས་བརྩམས་པའི་གསུང་གླེང་ཞུས་པ་ཐུགས་ཤིན་ཏུ་དགྱེས་ཉམས་ཆེ་ཞིང༌། རྗེ་འདི་ཉིད་དཔོན་གཡོག་རགས་བསྡུས་བཅས་དེར་དུ་མ་ཙམ་ཞིག་བཞུགས། ངོས་འཁོར་བཅས་དང༌། ཕྱག་མཛོད་འཇམ་དཔལ་བཀྲ་ཤིས་མཐོང་སྨོན་པའི་སྡེ་པ་བགྲེས་པ་སོགས་ཀྱིས་ཡུམ་བུ་བླ་མཁར་མཆོད་མཇལ་གྲུབ་ནས། རྗེ་དཔོན་གཡོག་དང་ལྷན་ཅིག་བཀྲ་ཤིས་ཆོས་སྡེར་ཕེབ་སྐབས་སེར་སྦྲེང་གི་ལྗགས་བཀོད་ཤིན་ཏུ་རྒྱས་པ་དང༌། སླེབ་འཕྲལ་གསོལ་ཇ་དང་དཀར་སྤྲོ། སྐུ་ཞབས་ནས་ངོས་འཁོར་བཅས་ལ་ཟུར་ཆས་སུ། རྩེ་ཇ་སྦག་གཅིག །ཤན་ཇ་སྦག་གཉིས། མར་ཁལ་དགུ། རྩམ་ཞིབ་རྩིངས་སྡོམ་ཁལ་ཉེར་གཉིས། ལུག་ཁོག་བཞི། ཚག་ཤ་སྟོད་གཤགས། འབྲས་ལྟང་གཅིག །ཆག་ཆུ་ལྡུར་སྡོམ་ཁལ་ཉེར་བདུན་དང༌། ཆོས་སྡེ་ནས་རྩེ་ཇ་སྦག་གཅིག །ཤན་ཇ་སྦག་གཉིས། མར་ལྟང་གཅིག །རྩམ་ཞིབ་རྩིངས་སྡོམ་ཁལ་བཞི་བཅུ། ལུག་ཁོག་བཞི། ཚག་ཤ་བཞི་འདེགས་གཅིག །ཆག་ཆུ་ལྡུར་སྡོམ་ཁལ་ཉེར་ལྔ་རྣམས་སྩལ་བ་སོགས་གྱ་ནོམ་གྱི་གསོལ་རས་དེ་དག་ལ་ལོངས་སྤྱོད་བཞིན་པར་ཞག་ལྔ་བསྡད་ཐོག་སྟོན་མོ་དང༌། ངོས་མཆེད་ལ་ཆོས་སྡེའི་རིང་འཚོའི་བདེན་ཚིག་གནང་སྐབས་དགུ་ཚན་ལྔ། བདུན་ཚན་བཞི། ལྔ་ཚན་གཅིག །མཛོད་དར་མེ་ལོང་མ་གཉིས། སྣམ་དཀར་བུབས་ལྔ། གོས་ཁ་བཅུ་བཅས་སྩལ་ཏེ་ཡུན་དུ་འཚོ་བའི་ཁས་ལེན་དགོས་ཚུལ་སོགས་ཀྱི་གསུང་བཤད་ཞིབ་རྒྱས་དང་བཅས་རྗེས་སུ་བཟུང༌། ཕྱོགས་འདུས་དང་གཉུག་མར་གནས་པ་རྣམས་ལ་དབང་བཞི་བཏེགས་པར་མཛད་ནས་ཁོ་བོས་གྲུབ་རྒྱལ་མའི་ཁྲོམ་དབང་བགྱིས་