[A:༢༡༥]རིམ་གཉིས་ཟབ་མོའི་ཐུགས་དམ་ཁོ་ནས་དུས་འདའ་བར་མཛད། འདི་ལོ་བཀྲ་ཤིས་ཆོས་སྡེའི་གཙང་ཁང་གི་སྐུ་རྟེན་རྣམས་ལ་ཞིག་གསོས། ཞལ་གསེར་སོགས་ཕུན་སུམ་ཚོགས་པར་མཛད་ཅིང༌། རྟེན་གཙོ་ཐུབ་པའི་དབང་པོར་སྣམ་སྦྱར་དང་སྐུ་པང༌། ཉེ་བའི་སྲས་བརྒྱད་ལ་སྟོད་གཡོགས། སྨད་གཡོགས། ཁྲོ་བོ་གཉིས་ལ་སྟོད་གཡོགས། སྨད་གཡོགས། སྟག་ཤམ། རྟེན་གཙོའི་དབུ་ཐོག་ཏུ་བླ་བྲེ། མཁན་ཆེན་རྡོ་རྗེ་འཆང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་བཅས་ཀྱི་འདྲ་སྐུ་རྣམས་ལ་སྐུ་པང་དབུ་ཞྭ། མཁན་ཆེན་གྱི་དབུ་ཐོག་ཏུ་དབུ་གདུགས་བཅས་དང༌། ཐུབ་དབང་གི་ཕྱག་གི་ལྷུང་བཟེད་ཁེབས་སུ་གོས་ཁྲ་བསྒྲིགས་ཀྱི་རྟེན་ཁེབས། སྙན་ཤལ་ནང་མཛོད། ཉེ་སྲས་ཁྲོ་བོ་བཅས་ལ་སོ་སོར་སྙན་ཤལ་བསོད་བཏགས་རྙིང་མ་གཉིས་རེ་སྟེ་ཁྱོན་ཉི་ཤུ་རྣམས་འབུལ་སྦྱོར་མཛད་པའི། ན་བཟའི་རྒྱུར་བཟང་གོས་སྣ་ཚོགས་ཁ་ཉིས་བརྒྱ་དང་བདུན་ཅུ་དོན་གཉིས་ཙམ་ནང་ཤ་དང་བཅས་པ་སྩལ། ཤིང་ཕག་སྟོན་མཇུག་ནས་བཟུང་ངོས་མཆེད་འཁོར་བཅས་ཀྱིས་གཙོ་ཆེར་གོང་ས་རྒྱལ་དབང་མཆོག་ལ་མཇལ་ཕྱག་ཞུ་བ་དང༌། དབུས་ལྷོ་བྱང་གི་གནས་རྟེན་དགེ་འདུན་གྱི་སྡེ་བཅས་མཇལ་བར་ཕྱིན་སྐབས། ལྷ་ས། བསམ་ཡས་སོགས་སུ་བཀའ་ཤོག་རིམ་པར་ཕེབ་སྟེ་རྣམ་འདྲེན་དམ་པ་གོང་གི་གདན་ས་ག་ལ་བར་ཡང་བཅར་དགོས་ཚུལ་ཕེབ་དོན་བཞིན། རིམ་གྱིས་ཁྲ་འབྲུག་ཏུ་སླེབས་པའི་སང་ཉིན་དེ་ཡར་ཀླུང་མདོའི་གཏམ་སྙན་བཞུགས་ཁྲིའི་དྲུང་རྗེ་འདི་ཉིད་སློབ་ཚོགས་དང་བཅས་པ་ཕེབ་འདུག་པས་དེ་འཕྲལ་རྟ་བབས་ཏེ་མཇལ་དར་ཕུལ།