[A:༢༡༨]ངེད་རང་གི་གསར་བརྩམས་རྨོར་ཆེན་གསོལ་འདེབས། གོང་ས་རིན་པོ་ཆེ་བློ་བཟང་སྐལ་བཟང་རྒྱ་མཚོའི་ཞབས་བརྟན། དཀར་བདུད་བསྟོད་པ། རྩི་དམར་དྲག་བསྐུལ། ཞལ་གྱི་མངའ་གསོལ་རྣམས་ཀྱི་ལུང་ཕྲན་ཕུལ་ཞིང༌། རྐྱེན་སེལ་དུ་གྲུབ་ཐོབ་ཚེ་དབང་ཞུས་ཐོག་དངོས་འབུལ་བརྡ་མཚོན་ཙམ་ཕུལ་ཞིང༌། དུས་འདིར་བཀའ་འབྲེལ་གྱི་རྗེས་མ་ཡིན། གཏེར་སྟོན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོར་ངེད་རང་ནས་ལུང་བསྟན་ཁ་ཤས་ཞུས་པའི་གྲས་ལ། བསམ་ཡས་ཆོས་སྐྱོང་སྐུ་ཕེབ་མིན་གྱི་སྐོར་ཀྱང་ཡོད་པས་དེ་ལྟའི་ཚིག་རིས་ཤིག་ལ། འདི་ལ་ལྷ་མི་གཉིས་ཀས་བསྐང་བཤགས་བྱ། ཞེས་གསུངས་འདུག་པ་ལྷས་མི་ལ་བསྐང་བཤགས་ཇི་ལྟར་བྱེད་ཅེས་ཉམས་ལྡན་གྱི་གསུང་དང་བཅས་བཞད། ཆོས་སྡེ་ནས་ཐོན་ཉེར་གང་སྤྱིའི་བསླབ་བྱ་ཞིབ་རྒྱས་སྩལ་ཞིང༌། སྲི་གཅོད་འབུམ་པར་ཐབ་སྐྱེལ་བཀའ་དྲིན་བསྐྱངས་ཏེ་སྐུ་གསུང་ཐུགས་དགྱེས་པའི་རྣམ་རོལ་དུ་བཞུགས་དྲུང་ནས་ཐོན་ཅིང༌། སླར་ཡང་མྱུར་མཇལ་ཁ་བཏགས་ཀྱི་གཡབ་མོ་སོགས་བཀའ་དྲིན་བསྐྱངས་པ་བཅས་ཚེ་འདིར་དངོས་མཇལ་གྱི་ཐ་མ་ཡིན་ཀྱང༌། ཡང་སྲིད་རིན་པོ་ཆེ་སོགས་མྱུར་དུ་མཇལ་བའམ། ཡང་ན་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་འགྲིགས་སོ། །དེ་སྐབས་ཤེའུ་གྲོང་གསང་སྔགས་གླིང་གི་ཞལ་བདག་ཞུས་པར་ཞལ་བཞེས་མ་བྱུང་ཡང༌། ནན་བསྐྱེད་ཞུས་པས་སླར་ཞལ་གྱིས་བཞེས། གཞན་ཡང་མེ་བྱིའི་ལོ་མགོ་དེར་ལུགས་གཉིས་དང་འབྲེལ་བའི་མཛད་ཕྲིན་ཁ་ཤས་ཡོད་འགྲོའང་ཟིན་ཐོར་མ་གསལ། ཆོག་མང་གི་ཚོགས་དབུར་ཕེབ་ཅིང༌། ཟླ་བ་ལྔ་པའི་ནང་ལྷ་ལྡན་དུ་ཆིབས་བསྐྱོད། གོང་ཞབས་ལྷ་མིའི་རྣམ་འདྲེན་