[A:༢༡༩]ཆེན་པོར་ཞབས་བརྟན་གྱི་ཚུལ་དུ་འབུལ་སྐྱེས་རྒྱས་པར་མཛད། དེའང་རྒྱལ་བའི་ལུང་གིས་ཟིན་ཅིང་རྩོད་བྲལ་གྱི་མཁས་གྲུབ་ཆེན་པོ་ཞང་འགྲོ་བའི་མགོན་པོའི་ཆོས་སྐོར་འདི་རྣམས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང༌། ཟུར་ཆེན་རྡོ་རྗེ་འཆང་གི་རྣམ་པར་སྤྲུལ་པ་ངག་དབང་ཀུན་དགའ་བསོད་ནམས་གཉིས་ཀྱི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་རྒྱུན་མ་ཆད་པར་ལུས་པ་རྣམས་གསོ་བའི་དགོངས་བཞེད་ཀྱིས་ཚལ་ནས་སུམ་ལྡན་རིག་པ་འཛིན་པ་ངག་དབང་པདྨ་དང༌། དགེ་སློང་འགྱུར་མེད་ཆོས་འཕེལ་གཉིས་གདན་འདྲེན་མཛད་དེ། རིག་འཛིན་བླ་མའི་དྲུང་ནས། ཞང་གི་བཀའ་རྒྱའི་སྐོར་ལས། རྒྱུ་ལམ་གྱི་དབང༌། ཚོམ་བུ་ཞེ་བདུན་མའི་དབང༌། རྣམ་ཐར་ལྷ་ས་མ་དང༌། བསམ་ཡས་མ་གཉིས་ཀྱི་དབང༌། ཕྱག་བཞི་པའི་རྗེས་གནང་རྣམས་དང༌། རྒྱབ་རྟེན་ལུང་གི་སྐོར་ལ། ཁ་རེག་པ་འདུལ་བ་འོད་དང༌། གཙང་སྟོན་རྣལ་འབྱོར། ལོ་ཞིག་རྣམས་ཀྱི་ལུགས་སྲོལ་ཐ་དད་པ་ལ་རྒྱས་འབྲིང་བསྡུས་གསུམ་དུ་གྲགས་པའི་སྐོར་ཡོངས་སུ་རྫོགས་པ་དང༌། གཞན་ཡང་ཉང་གི་ཕག་མོ་ཁྲོས་ནག་གི་དབང་དང༌། ལུང་ཕལ་ཆེ་བ་སོགས་གསན་པར་མཛད། དགེ་སློང་འགྱུར་མེད་ཆོས་འཕེལ་གྱི་དྲུང་ནས་བཀའ་འབུམ་པོད་བཞིའི་ལུང་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་དཀར་ཆག་ནང་བཞིན་གསན། རྒྱལ་དབང་རྡོ་རྗེ་འཆང་ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་འབུམ་སྐོར་རྣམས་ཡོངས་སུ་རྫོགས་པ་ཞིག་གསན་བཞེད་ཀྱི་རྩད་གཅོད་མཛད་པར། གྲྭ་ཚང་རྙིང་པའི་གྲྭ་གྲས་སུམ་ལྡན་རྡོ་རྗེ་འཛིན་པ་དགེ་སློང་བློ་བཟང་བསོད་ནམས་དེ་ཉིད་ཀྱིས་བླ་མ་མང་པོའི་ཞབས་ལ་གཏུགས་ཏེ་ཡོངས་རྫོགས་གསན་ཅིང་བརྒྱུད་ཁུངས་དག་པ་བཅས་ཡོད་