R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢༠
[A:༢༢༠]པའི་ཁུངས་གསན་པས་གདན་འདྲེན་མཛད་དེ། བཀའ་འབུམ་ཕྱི་ནང་སྐོར་ཡིག་སྣ་བརྒྱད་ཅུ་བརྒལ་བའི་ལུང་གསན། ལྷོ་བྱང་ཆུ་བཞིན་ཉུལ་ནས་དམ་པའི་ཆོས་རིས་སུ་མ་ཆད་པའི་ཟབ་དོན་གྱི་བདུད་རྩི་འཚོལ་བ་ལ་རྒྱལ་སྲས་རྟག་ཏུ་ངུའི་མཆེད་ཟླར་གྱུར་པ་བཀའ་འགྱུར་བ་བཀའ་ཆེན་ཐབས་མཁས་རྒྱ་མཚོའི་དྲུང་ནས། ཆོས་སྡེ་ཆེན་པོ་གསུམ་གྱི་ཆོས་སྤྱོད་སྐལ་བཟང་མགྲིན་རྒྱན་ཚང་མ། རྗེ་རིན་པོ་ཆེའི་སྔགས་རིམ་ཆེན་མོ། ལམ་རིམ་སོགས་མང་དུ་གསན། ཕར་ཡང་མངོན་རྟོགས་རྒྱན། འགྲེལ་པ་དོན་གསལ། བྱང་ས། མཛོད་རྩ། བློ་སྦྱོང་དཔལ་ཡེས་མ། པོ་ཏོ་བའི་ཆིག་ལབ་རིང་མོ་སོགས་མང་དུ་སྩལ། རིག་འཛིན་གྲུབ་པའི་དབང་པོ་པདྨ་བདེ་ཆེན་གྱི་དྲུང་ནས། ཁྱབ་བདག་བླ་མ་མི་བསྐྱོད་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་ཐར་གྱི་ལུང་སོགས་གསན། སྐལ་ལྡན་མང་པོར་དབང་ལུང་ཁྲིད་ཤིན་ཏུ་མང་བར་སྩལ་ཞིང༌། འཕགས་སྡེར་ཆིབས་བསྒྱུར། ས་སྐྱའི་ཆོས་སྤྱོད་རབ་གསལ་གྱི་ལུང་སོགས་ཉེར་མཁོ་ཤིན་ཏུ་མང་བར་སྩལ། རབ་བྱུང་བསྙེན་རྫོགས་ཀྱང་མང་དུ་མཛད་དེ། བསམ་གཏན་ཆོས་གླིང་བརྒྱུད་ཤེལ་གྲོང་གསང་སྔགས་གླིང་དུ་འདུས་པའི་ཚོགས་ཀྱིས་སེར་སྦྲེང་རྒྱས་པ་དང༌། གཞན་ཡང་སེར་སྐྱ་ཀུན་གྱིས་ཕེབ་བསུ་དང་བཅས་ཏེ་ཕྱགས་ཕེབ། ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་རྒྱལ་ཕུར་འགྲུབ་སྦྱོར་གྱི་ཉིན་ཤེའུ་གྲོང་གསང་སྔགས་གླིང་གི་ཁྲི་ལ་ཕེབ། སེར་སྐྱ་ཀུན་གྱིས་ལེགས་འབུལ་ཕུན་སུམ་ཚོགས་པར་བསྟང་ཞིང༌། ཁྲི་སྟོན་གྱི་མང་འགྱེད་སོགས་ཀྱང་གཟབས་རྒྱས་དང༌། སྒྲོལ་མ་ཉེར་གཅིག་གྀ་རྗེས་གནང༌། བརྒྱད་སྟོང་པའི་ལྗགས་ལུང་སོགས་ཆོས་བཀའ་མང་བར་སྩལ།