[A:༢༢༡] སྙིགས་དུས་བསྟན་པའི་ཉི་མ་ལྕང་སྐྱ་ཐམས་ཅད་མཁྱེན་པའི་བླ་སྨན་སེ་ཀུན་པ་དར་ཧན་ཨེམ་གྱི་དཔོན་གཡོག་ཆེད་གཏད་བྱུང་བར་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཡོངས་སུ་རྫོགས་པར་སྩལ། གཅད་རྒྱ་ཐུང་ཙམ་མཛད་དེ། མེ་གླང་ལོར་ཟླ་བ་དང་པོའི་མཇུག་ཏུ་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་ཆིབས་བསྐྱོད། དེའང་རྨོར་དགོན་གྱི་བླ་མ་ར་བ་སྨད་སྐུ་རྟེན་པ་འདས་རྗེས་གྲ་པ་རྣམས་ཀྱི་འདོད་མོས་དང༌། ལྷག་པར་རྨོར་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་ཐུགས་སྲས་ཀྱི་མཆོག་སྙན་བརྒྱུད་བསྟན་པ་རིན་པོ་ཆེའི་མངའ་བདག་ཏུ་གྱུར་པ་བཅས་གོང་ས་ནས་འོས་བབས་སུ་དགོངས་པའི་འགན་བཞེས་དགོས་ཚུལ་གྱི་ཞུ་ཤོག་ཕུལ་བས་རྨོར་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་གདན་ས་ཟླ་བ་གཉིས་པའི་ཚེས་གསུམ་གཟའ་ཚེས་བཟང་བའི་ཉིན་མཁས་པའི་དབང་པོ་ཀུན་མཁྱེན་གྲགས་འབྱོར་ཤེས་རབ་ནས་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་བར་གྱི་གོང་མ་ན་རིམ་གྱི་བཞུགས་སྟེགས་སེང་ཁྲིའི་སྤོ་ལ་ཞབས་སེན་གྱི་ཟླ་དབང་གསར་པ་བཀོད་པས་དགེ་ལེགས་ཀྱི་ཀུནྡ་ཡོངས་སུ་བཞད་པ་ལ་རྨོར་ཆེན་ཆོས་ཀྱི་རྒྱལ་པོའང་ཆོས་ཀྱི་དབྱིངས་ནས་མངོན་པར་དགྱེས་པའི་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་དམ་སྙམ། འདི་ནས་བསྐོ་འཇའ་ཁྲི་འགྱེད་སོགས་དང༌། གཞན་ཡང་སྡེ་བ་སྤོ་ར་བ་སོགས་ཡོན་བདག་སེར་སྐྱ་རྣམས་ནས་ཀྱང་ལེགས་འབུལ་རྒྱས་པར་མཛད། དེའང་དགེ་འདུན་རྣམས་དང་དགོན་ལག་ཕན་ཚུན་བཅས་ལ་ཁྲི་སྟོན་གྱི་མང་འགྱེད། སྐུ་གསུང་ཐུགས་རྟེན་རྣམས་ལ་མཆོད་པ། གསེར་ཆབ། དཀར་མེ་རྒྱུན་འཛུགས་སོགས་དང༌། ཕྱོགས་འདུས་དང་གཉུག་མར་གནས་པ་རྣམས་ལ་འདོད་ཆོས་ཀྱང་ཅི་རིགས་སྩལ། དེ་ནས་