R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢༢
[A:༢༢༢]འཕྲེང་འོག་དགའ་ལྡན་གླིང་དུ་གདན་དྲངས། དེར་ཡང་ཟབ་ཆོས་ཅི་རིགས་དང༌། མཛོད་དུ་རྗེ་བཙུན་རིག་བྱེད་མའི་གཏོར་འཛུགས་སོགས་མཛད་དེ། བསམ་ཡས་བརྒྱུད་ཆོས་སྡེར་ཆིབས་བསྐྱོད། ཆོག་མང་གི་ཚོགས་དབུར་ཕེབ་ཅིང་ཟླ་བ་བཞི་པའི་ནང་དུ་སྐུ་གཅད་རྒྱའི་ཐོག་ནས་དམ་རྫས་བདུད་རྩི་རིལ་བུ་སྒྲུབ་པ་གནང༌། ཟླ་བ་ལྔ་པ་ནས་རིག་འཛིན་ཆེན་པོ་ཚེ་དབང་བཀྲ་ཤིས་པའི་དྲུང་ནས། གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་ཆོས་བླ་མ་དགོངས་པ་འདུས་པའི་དབང་ལུང་ཡོངས་སུ་རྫོགས་པ། གཏེར་སྟོན་འཇའ་ཚོན་སྙིང་པོའི་གཏེར་ཆོས་དཀོན་མཆོག་སྤྱི་འདུས། ཞི་ཁྲོ། རྟ་ནག །ཚེ་སྒྲུབ། མ་ནིང་སོགས་ཀྱི་དབང་ལུང་ཕལ་ཆེ་བ། ཧཱུྃ་ནག་སྙིང་ཐིག །འཇའ་ཚོན་པའི་ཆོས་སྤྱོད། མ་ཎི་བཀའ་འབུམ་བསྡུས་པ་སོགས་ཀྱི་ལུང༌། གཞན་ཡང༌། བཀའ་འདུས་ལས་རྩ་བ་གསུམ་གྱི་དབང༌། དེའི་ཚེ་དབང༌། ཆོས་སྲུང་རྣམས་ཀྱི་གཏོར་དབང་བཀའ་གཏད། རྒྱབ་རྟེན་གྱི་ལུང་བཅས་དང༌། རྟ་མཆོག་རོལ་པ་ནཱ་ག་རཀྵའི་དབང་རྒྱབ་རྟེན་གྱི་ལུང་དང་བཅས་པ་སོགས་གསན་ནོ། །མེ་བྱི་ལོའི་སྟོན་མཇུག་ཙམ་ནས་བཟུང་འདི་ཁར་སྒེར་ཆག་མཐའ་དག་ལངས་པ་ལྟ་བུས། ངེད་རང་གི་ནུ་བོ་དེ་ཀྱེ་རྡོར་གཞི་བསྙེན་ལ་བསྡད་མུར་སྲོག་རླུང་སོགས་ནད་བབས་ལྕི་མོས་མེ་གླང་ཆུ་སྟོད་ཚེས་བཞིའི་བར་ཇེ་ལོད་དུ་བཟུང་སྐབས། གསུང་བརྟག་དང་གང་ཅིའི་གནས་ཚུལ་གསོལ་བ་རྣམས་ལ་བཀའ་སློབ་ཞིབ་རྒྱས་སུ་ཕེབ་དོན་ལྟར་བསྒྲུབས་ཀྱང༌། དུས་དེར་མྱོང་སྐལ་ལྟ་བུས་བྱ་བ་ཐབས་ཟད་དུ་གྱུར་སྐབས་ལྗགས་བསྔོ་སྐྱབས་འཇུག་འཕྲལ་དུ་ཞུས་ཚེ། དེ་སྐབས་ཀྱི་གཏེར་སྟོན་ལུང་དང་བསྟུན་གང་ཅིའི་མཚམས་ལ་སེམས་བསོ་ཡང་