[A:༢༢༤]མགྲོན་གཉེར་རབ་རྒྱས་ཟེར་བ་ཚུར་རྩད་དཔྱོད་ལ་གཏོང་བ་གནང་གཤེས་འཕྲལ་དུ་ཕེབ་པས་ཤིན་དུ་དགེས་ཤིང༌། གསུང་རབ་སྤྱི་དང༌། ཁྱད་པར་གསང་སྔགས་ལས་བརྩམས་པའི་གསུང་གླེང་ཡུན་རིང་བར་མཛད་ཅིང༌། ལྷ་ལྡན་དུ་བཞུགས་རིང་ཡང་ཡང་སྐུ་མདུན་དུ་ཕེབ་དགོས་ཚུལ་གྱི་བཀའ་གནང་ཞིང་ཕེབ་སྐྱེས་ཀྱི་གསོལ་རས་ཀྱང་རྒྱས་པར་སྩལ། འདི་ལོ་ཀརྨ་ཤག་ཏུ་ལྕམ་སྲིང་མ་ཤིན་ཏུ་བྲོ་འཚལ་བར་གེགས་སེལ་དུ་ཡུན་རིང་བཞུགས་གདན་འཇགས་ཤིང༌། སྐུ་ཚ་དྲུང་དང༌། སྡེ་པ་ངག་དབང་བསྟན་འཛིན་ཕུན་ཚོགས། ཞབས་འབྲིང་པ་དགེ་སློང་ངག་དབང་འཇམ་དབྱངས་གསུམ་དང༌། བློ་གསལ་རབ་རྒྱས་བཅས་ལ། རྡོ་རྗེ་བྲག་རྫོང་མའི་ཁྲིད་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་ཡོངས་སུ་རྫོགས་པ། ཁྲོ་བཅུ་དང་ལྷ་བརྒྱད་སོགས་ཀྱི་རྗེས་གནང༌། ལུང་གི་སྐོར་སོགས་དང༌། རྗེ་བཙུན་རིག་བྱེད་དབང་མོའི་རྗེས་གནང་བྱིན་རླབས་དང༌། ཁྲིད་ཉེར་མཁོའི་ལུང་སོགས་དང༌། མཁའ་སྤྱོད་མའི་ཁྲིད་དང་ལུང་སོགས་ཀྱང་སྩལ། སྡེ་པ་གྲོང་སྟོད་དང༌། བོན་གྲོང་སྦོ་ར་བ་ཡབ་སྲས་སོགས་ལ་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང་ལུང་ཁྲིད་ཡོངས་རྫོགས་སོགས་སྩལ། ནཱ་ལེནྡྲ་པ་སོགས་ཀྱི་བསྙེན་རྫོགས་ཀྱང་མང་དུ་མཛད། ལྕང་ལོ་ཅན་གྱི་གུར་དང་ལྕམ་སོགས་ལ་གཏེར་གསར་གུར་དྲག་གི་དབང་སོགས་ཁ་ཤས་དང༌། གྲུབ་ཐོབ་བརྒྱད་ཅུའི་ཐང་སྐུ་ཕུན་སུམ་ཚོགས་གསར་བཞེངས་ལ་རབ་གནས་མཛད། མཁན་པོ་བློ་བཟང་དཔལ་འབར་དང༌། ཨེམ་ཇི་ཐེག་མཆོག་གླིང་པ་སོགས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཚང་མ་དང༌། ཨེམ་ཇི་གཉིས་ལ་རྒྱུད་བཞིའི་ལུང་ཡང་གནང༌། གཞན་ཡང་སྡེ་པ་ནང་པ་