R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢༥
[A:༢༢༥]ནུབ་པ་དང༌། མེ་ཏོག་ལྡུམ་ར་སོགས་ཀྱིས་མཚོན་ཡོན་བདག་རྣམས་ལའང་སོ་སོའི་འདོད་ཆོས་ཅི་རིགས་པར་སྩལ། གཏེར་སྟོན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོའི་དྲུང་ནས་རྩ་གསུམ་བཀའ་འདུས་ཀྱི་རྒྱུད་ཀྱི་ལུང་གསན། བཅོ་བརྒྱད་ནས་ཆོས་རྗེ་སྐུ་གཞོན་པ་བསྙེན་རྫོགས་མཛད་པའི་མཚན་ངག་དབང་ཀུན་དགའ་མཁྱེན་རབ་སངས་རྒྱས་བསྟན་པའི་རྒྱལ་མཚན་དུ་འདོགས་པར་མཛད་ཅིང༌། ཀྱེ་རྡོར་རྒྱུ་དབང་ལམ་དབང་སོགས་ཆོས་བཀའ་ཁ་ཤས་སྩལ། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་སྐུ་བཅར་སློབ་དཔོན་པ་དང༌། མཁན་པོ་བློ་བཟང་དཔལ་འབར་སོགས་ལ། མགོན་པོ་ཁྲོ་བཅུ་དང་ལྷ་བརྒྱད་ཀྱི་རྗེས་གནང༌། སློབ་དཔོན་པ་ལ་རྣམ་རྒྱལ་གྲ་ཚང་གི་འདོན་ཆོག་ནས་གུར་ཞལ། བེག་ཙེ་གསུམ་གྱི་གཏོར་བསྔོ། བསྟོད་བསྐུལ། བསྐང་བཤགས། ཚོགས་འཁོར་བཅས་ཀྱི་ལུང་རྣམས་དང༌། ཟུར་མཆོག་གི་སྤྲུལ་སྐུ་ཕྲིན་ལས་བློ་ལྡན་རྒྱ་མཚོ་སོགས་ཉུང་ཤས་ལ་སྙིང་ཐིག་ཐིག་ལེ་གསང་སྐོར་གྱི་དབང་ལུང་རྣམས་སྩལ། གཞན་ཡང་སྐུ་གཟུགས་སྐུ་འཁྲུགས་ཀྱིས་ཟིན་གཤིས་ཐུགས་བློས་མ་འཁྱུད་པ་ལྟ་བུས་ཆོས་བཀའ་སྟོབས་ཆེ་བའི་རིགས་གནང་མ་ཐུབ་ཀྱང༌། དབང་རྗེས་གནང་སོགས་གཅད་རྒྱ་ལྟ་བུར་བཞུགས་ན་མ་གཏོགས་གསེང་དབང་ཅུང་ཟད་ཙམ་ཡང་མི་འབྱུང་བ་ལགས། དེ་ནས་ཆོས་སྡིངས་ནས་ཞི་བྱེད་ཀྱི་དཔེ་རྣམས་གཡར་ཞུ་གནང་སྟེ། རིག་འཛིན་སྐལ་བཟང་རྣམ་གྲོལ་གྱི་དྲུང་ནས་སྔར་དིང་རིར་གསན་མ་ཐུབ་པའི་ཞི་བྱེད་ཀྱི་ལུང་རྣམས་འབུལ་བཞེས་ཀྱི་དབུ་ཚུགས། སྔར་ནས་བཀའ་འགྱུར་བསླུར་མ་གནང་སྐབས་ཀྱི་ཁ་ལྷག་གི་ཇ་དང༌། གཞན་ཡང་རྟ་མཛོ་སོགས་དངོས་པོ་གང་ཡོད་ཕུལ་བའི་