[A:༢༢༦]གཟིགས་དཔེ་གནང་རྒྱུར་བསྟན་འགྱུར་རིན་པོ་ཆེ་ཚར་གཅིག་ཞུ་རྒྱུའི་སྡེ་དགེར་སྙན་གསན་དང༌། ཡང་བསྐྱར་ཞུ་ཡིག་གནང་བ་བཅས་བསྟན་འགྱུར་རིན་པོ་ཆེ་སྤུས་གཙང་བ། གླེགས་ཤིང༌། གླེགས་ཐག །ཆབ་མགོ་དང་བཅས་པ་འདི་ལོའི་སྟོན་གཉེར་ཆེན་དོན་གྲུབ་ཀྱི་གདོང་ནས་འབྱོར་པ་བཞིན་ཡར་ཀླུང་དུ་གདན་འདྲེན་མཛད། དགུན་ཐོག་འཕགས་སྡེར་བཞུགས་གདན་འཇགས་ཏེ། རིག་འཛིན་སྐལ་བཟང་རྣམ་གྲོལ་གྱི་ཞི་བྱེད་ལུང་འཕྲོས་དང༌། རྒྱ་ཅན་མའི་ལུང་རྣམས་ཕུལ། སྐུ་གཅད་རྒྱ་ཟླ་གཅིག་ཙམ་མཛད། ཕྱོགས་འདུས་དང་གཉུག་མར་གནས་པ་རྣམས་ལ་འདོད་ཆོས་མང་བར་སྩལ། རིག་འཛིན་སྐལ་བཟང་རྣམ་གྲོལ། སྡེ་པ་ངག་དབང་བསྟན་འཛིན་ཕུན་ཚོགས་དང༌། འཚོ་བྱེད་བསོད་ནམས་དངོས་གྲུབ། ཕྱོགས་འདུས་དང་སྐུ་དྲུང་དུ་འཁོད་པ་བཅས་འགའ་ཞིག་ལ་ཞི་བྱེད་ལམ་ལྔའི་དབང་སོགས་འདོད་ཆོས་མང་བར་སྩལ། འཕགས་སྡེ་གཉེར་ཚང་ལ་ཨར་པོ་བྱས་པར་ལེགས་སྐྱེས་ཀྱི་གསོལ་རས་རྒྱས་པ་དང༌། སྙེ་ཐང་འོར་སྒྲོལ་མའི་སྐུ་མདུན་དུ་འཕགས་སྡེ་གྲྭ་དམངས་ནས་སྒྲོལ་བསྟོད་འབུམ་ཐེར་འགྲོ་ངེས་ཤིག་གྲངས་གསོག་གནང༌། འཕགས་སྡེ་ཚོགས་ཡོངས་ནས་བླ་བྲང་ལ་ཞིག་གསོ་བྱེད་རྒྱུར་དངུལ་སྲང་བཅོ་ལྔ། ཇ་འཁོར་དྲུག །ཕོ་རྟ་བཟང་བ། གྱོན་པ་སྣ་ཚོགས་བཅུ་སྐོར་བཅས་སྩལ། གཏེར་སྟོན་ཆེན་པོ་འཛམ་གླིང་རྡོ་རྗེ་ནས་བརྒྱུད་པའི་གཟའ་བདུད་ཀྱི་སྐོར་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་བཞུགས་ཤིང༌། དྲང་སྲོང་བྲན་དུ་འཁོལ་བའི་གྲུབ་དབང་དམ་པ་བློ་བཟང་གར་གྱི་དབང་པོའི་དྲུང་ནས། གོང་གནོན་གཏུམ་པོ་རས་ཆུང་ལུགས་གཙོ་རྐྱང་གི་རྗེས་གནང༌།